མར་པ་ལོ་ཙཱ་ཆོས་ཀྱི་རྒྱ་མཚོ་ལས།

བཞད་པ་རྡོ་རྗེ་ཡིད་བཞིན་ནོར་བུ་རྙིད།

ཟླ་བའི་གཞོན་ནུས་དགོས་འདོད་རེ་བ་སྐོང་།

དངོས་གྲུབ་མཆོག་གཏེར་གསུམ་ལ་ཕྱག་འཚལ་ལོ།

ཞེས་པའི་ཚིགས་གིས་མདུན་བསུས་ནས་སྐབས་འདིར་མཉམ་མེད་དྭགས་པོ་བཀའ་བརྒྱུད་ཀྱི་དུས་ཆེན་སྲུང་བརྩི་ཞུ་ཚུལ་སྐོར་མདོར་ཙམ་གླེང་བ་ལ། དེའང་བཀའ་བརྒྱུད་བསྟན་པའི་སྲོལ་འབྱེད། གསར་སྔགས་གསར་མའི་བསྟན་པའི་བདག་པོར་གྱུར་པ་སྒྲ་སྒྱུར་རྒྱལ་པོ་མར་པ་ལོ་ཙཱ་བ་ཆོས་ཀྱི་བློ་གྲོས་དང་། རྣལ་འབྱོར་གྱི་དབང་ཕྱུག་རྗེ་བཙུན་མི་ལ་རས་པ། དྭགས་པོ་བསོད་ནམས་རིན་ཆེན་ནམ་ཆོས་རྗེ་སྒམ་པོ་པ་བཅས་གསུམ་ལ་བཀའ་བརྒྱུད་གོང་མ་རྣམས་གསུམ་མམ། མར་མི་དྭགས་གསུམ་ཞེས་ཞུ་ཡི་ཡོད་ཅིང་། འཕགས་བོད་གཉིས་ཀྱི་གཙོས་ཡངས་པའི་རྒྱལ་ཁམས་སུ་བཞུགས་པའི་བཀའ་བརྒྱུད་ཆོས་སྡེ་ཚང་མས་མར་མི་དྭགས་གསུམ་གྱི་དུས་ཆེན་སྲུང་བརྩི་ཞུ་བཞིན་ཡོད་པ་ལས། མར་པ་ལོ་ཙཱ་ཆོས་ཀྱི་བློ་གྲོས་ནི། ཡུལ་ལྷོ་བྲག་གདུང་རུས་མར་པ། ཡབ་དབང་ཕྱུག་འོད་ཟེར་དང་། ཡུམ་སྐལ་ལྡན་གཉིས་ཀྱི་སྲས་སུ་ཆུ་ཕོ་བྱི་བ་ལ་འཁྲུངས། དགུང་ལོ་བཅུ་གཉིས་ལ་མང་མཁར་མྱུ་གུ་ལུང་དུ་ཆོས་ལ་ཕེབས། རིམ་གྱིས་རྒྱ་གར་དུ་ཕེབས་ནས་དཔལ་ནཱ་རོ་མེ་ཏྲིའི་ཞབས་ལ་གཏུགས། གསང་སྔགས་རྒྱུད་སྡེ་མ་ལུས་པའི་དབང་ལུང་མན་ངག་བུམ་པ་གང་བྱོའི་ཚུལ་དུ་ཞུས་ནས་བོད་ལ་ཕེབས། བཀའ་བརྒྱུད་བསྟན་པའི་སྲོལ་འབྱེད་པར་མཛད། སློབ་མ་བུ་ཆེན་བཞི་ལ་མན་ངག་རྫོགས་པར་གནང་ནས་མཐར་དགུང་ལོ་བརྒྱད་ཅུ་རྩ་བརྒྱད་ས་མོ་ཡོས་ཀྱི་ལོར། ཡུམ་བདག་མེད་མ་འོད་ཀྱི་གོང་བུར་འདུས་ནས། བླ་མའི་ཐུགས་དཀར་ཐིམ། བླ་མའང་འོད་ཀྱི་གོང་བུར་གྱུར་ནས་ཆོས་ཀྱི་དབྱིངས་སུ་ཐིམ་པར་མཛད་དོ།།

རྗེ་བཙུན་མི་ལ་རས་པ་ནི། ཡུལ་ལ་སྟོད་གུང་ཐང་། གདུང་ཁྱུང་པོ་མི་ལ། ཡབ་ཤེས་རབ་རྒྱལ་མཚན་དང་། ཡུམ་མྱང་ཚ་དཀར་རྒྱན་གཉིས་ཀྱི་སྲས་སུ། ལྕགས་ཕོ་འབྲུག་གི་ལོ་ལ་སྐུ་འཁྲུངས། སྐུ་ཆུང་དུས་ནས་ཡབ་གཤེགས་པས། ཨ་ཁུ་དང་ཨ་ནེ་གཉིས་ལ་བརྟེན་པའི་དཀའ་སྡུག་ཚད་མེད་མྱངས། མཐར་ཡུམ་གྱི་དགོངས་དོན་ལྟར་དབུས་སུ་ཕེབས་ནས་མཐུ་སྦྱངས་ཏེ། ཨ་ཁུས་གཙོས་པའི་མི་གྲངས་སོ་ལྔ་ཙམ་ལྔ་ལམ་དུ་བཏང་། དེའི་སྡིག་པས་འགྱོད་ནས་བློ་སྣ་ཆོས་ལ་བསྒྱུར། མར་པ་ལོ་ཙཱའི་མཚན་ཐོས་པ་ཙམ་གྱིས་ཐུགས་ཡིད་འཕྲོག་ནས། མཐར་ལྷོ་བྲག་པོ་ལུང་དུ་ཕེབས། བླ་མ་ཁོང་གིས་སྡིག་སྦྱོང་ཆེད་དཀའ་སྡུག་ཚད་མེད་གཏོང་གནང་མཛད་ཀྱང་། མཐར་བླ་མས་གཟེངས་བསྟོད་དང་། དབུགས་དབྱུང་ནས་འཁོར་ལོ་བདེ་མཆོག་གི་དཀྱིལ་འཁོར་དུ་བཞུགས་ནས་དབང་བསྐུར། གདམངས་ངག་མན་ངག་དང་བཅས་པ་ཞུས་ནས་བསྒོམས་པས་ཚེ་འདིར་ཟུང་འཇུག་གི་གོ་འཕང་མངོན་དུ་མཛད་མཐར།་དགུང་ལོ་གྱ་བཞི་ཤིང་མོ་ཡོས་ཀྱི་ལོའི་དགུན་ཟླ་ཐ་ཆུང་སྟེ། ཟླ་བ་དང་པོའི་ཚེས་བཅུ་བཞིའི་ཉི་ཤར་ལ་མྱ་ངན་ལས་འདས་པའི་ཚུལ་སྟོན་གནང་མཛད་དོ།

དྭགས་པོ་བསོད་ནམས་རིན་ཆེན་ནམ་ཆོས་རྗེ་སྒམ་པོ་མཆོག་ནི། ཡུལ་དབུས་ཀྱི་ལྷོ་ཕྱོགས་སེར་ལུང་། གདུང་རུས་སྙི་བ། ཡབ་རྒྱལ་པོ་དང་ཡུམ་ཤེས་རབ་མོ་ཚེ་ལྕམ་ཞེས་བྱ་བ་གཉིས་ཀྱི་སྲས་སུ་ས་མོ་ལུག་གི་ལོ་ལ་འཁྲུངས། བཀའ་གདམས་བླ་མ་རྣམས་ལས་དབུ་ཕར་འདུལ་མཛོད་སོགས་གསན་ཅིང་། ཡན་ལག་བརྒྱད་པ་ལ་སོགས་པའི་གཙོ་དཔྱད་ལ་སྦྱངས་པས་མཁས་པར་གྱུར། ཕྱིས་སུ་རབ་ཏུ་བྱུང་ནས། རྗེ་བཙུན་མི་ལའི་མཚན་ཐོས་པས་ཡིད་འཕྲོག་ནས་རྗེའི་གམ་དུ་བཅར། དབང་ལུང་མན་ངག་ཞུས་ནས་བསྒོམས་པས་ལོ་དྲུག་ནང་རྟོགས་པ་ཁྱད་པར་ཅན་འཁྲུངས། བླ་མའི་ལུང་བསྟན་བཞིན་ཡུལ་དབུས་སུ་བྱོན་ནས་འགྲོ་བ་སེམས་ཅན་གྱི་དོན་རྒྱ་ཆེར་མཛད། མཐར་ཆུ་མོ་བྱའི་ཆུ་སྟོད་ཟླ་བ་དྲུག་པའི་ཚེས་བཅོ་ལྔ་ལ་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུ་བར་མཛད་དོ།

དེ་ལྟར་མར་མི་དྭགས་གསུམ་གྱི་འདས་མཆོད་ནི་འཕགས་བོད་གཉིས་ཀྱིས་གཙོས་ཡངས་པའི་མཐའ་གྲུ་ཀུན་ཏུ་བཞུགས་པའི་བཀའ་བརྒྱུད་ཀྱི་ཆོས་སྡེ་རྣམས་སུ། བརྒྱུད་པ་སོ་སོའི་ཕྱག་བཞེས་ལྟར་སྲུང་བརྩི་ཞུ་བཞིན་ཡོད་པ་ལས། འཕགས་ཡུལ་ཝཱར་ཎ་དབུས་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་ཆེན་མོའི་བཀའ་བརྒྱུད་ཚོགས་པས། ལོ་ལྟར་བོད་ཟླ་ ༡ ཚེས་ ༡༤ ཉིན་རྗེ་བཙུན་མི་ལ་རིན་པོ་ཆེའི་འདས་མཆོད་སྲུང་བརྩི་ཚུ་ཚུལ་རྣམས་གཤམ་གསལ།

སྔ་དྲོ་ཚོགས་ཐེངས་དང་པོར་བླ་བརྒྱུད་གསོལ་འདེབས་སོགས་དང་བསྟོད་པ་ཁག ཚོགས་ཐེངས་གཉིས་པར་མི་ལ་རིན་པོ་ཆེའི་སྣང་བརྙན་བྱིན་ཅན་སེར་སྦྲེང་དང་བཅས་གླིང་སྐོར་དུ་གདན་འདྲེན་ཞུ་བ། ཚོགས་ཐེངས་གསུམ་པར་མི་ལ་རིན་པོ་ཆེའི་བླ་སྒྲུབ་ཚོགས་འཁོར་བར་གསུང་གི་ཡོད་ཅིང་། ཚོགས་ཐེངས་བཞི་པར་བཀའ་བརྒྱུད་མཚོ་ལས་ཏི་ལི་ནས་རྗེ་མི་ལའི་བར་གྱི་མགུར་དབྱངས་གསུང་ཞིང་། ཚོགས་ཐེངས་ལྔ་པར་ཚོགས་འཁོར་སྐོར་ནས་གླིང་མཆོད་འབུལ་བར་ཕེབས། ཚོགས་ཐེངས་དྲུག་པར་བསྐང་གསོ་གྲུབ་མཐར་ཞབས་བརྟན་དང་བསྔོ་བ། དེ་བཞིན་བཀའ་བརྒྱུད་བསྟན་པ་རྒྱས་པའི་སྨོན་ལམ་བཅས་ཀྱིས་མཐའ་བརྒྱན་ཏེ་ཚོགས་གྲོལ་བར་མཛད་དོ།

དེ་བཞིན་རྗེ་མར་པ་ལོ་ཙཱ་བ་ཆོས་ཀྱི་བློ་གྲོས་མཆོག་གི་འདས་མཆོད་བོད་ཟླ་ ༡ ཚེས་ ༡༥ ཉིན་དང་། དྭགས་པོ་བསོད་ནམས་རིན་ཆེན་ནམ་ཆོས་རྗེ་སྒོམ་པོ་པ་མཆོག་གི་འདས་མཆོད་བོད་ཟླ་ ༦ ཚེས་ ༡༥ ཉིན་ཁེལ་གྱི་ཡོད་པ་དེ་སྐབས་ཀྱང་བླ་མཆོད་ཚོགས་འཁོར་བསྐང་གསོ་དང་། ཞབས་བརྟན། བསྔོ་སྨོན་སོགས་དགེ་སྦྱོར་གང་ནས་གང་རྒྱས་ཐོག་ཞུས་བཞིན་པ་ལགས་སོ།།

ཝཱར་ཎའི་བཀའ་བརྒྱུད་པའི་ཆོས་རྒྱུད་ཀྱི་མཁན་རིན་པོ་ཆེ་མཆོག་ལ་ཆོས་རྒྱུད་དེས་ལོ་གཅིག་གི་ནང་དུས་ཆེན་གང་ཞིག་སྲུང་བརྩི་ཞུ་ཡི་ཡོད་པའི་ནང་ནས་གལ་ཆེན་གཅིག་གི་སྐོར་གནང་སྐྱོང་ཡོང་བའི་རེ་འབོད་ཞུས་པ་ལྟར་གོང་གསལ་འདི་དག བཀྲིས་བསམ་འཕེལ་ལགས་ནས་བཏང་སོན་བྱུང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

keyboard_arrow_up