དགུང་གསར་དགྱེས་སྟོན་ཉིན་དང་པོ།

༄༅།།གནམ་ལོ་གསར་ཚེས་ཀྱི་ཉིན་དང་པོ་བླ་མ་ལོ་གསར།ལོ་རེའི་བོད་ཟླ་༡ཚེས་༡དགུང་གསར་དགྱེས་སྟོན་ཉིན་དང་པོར་སྔ་དྲོ་ཆུ་ཚོད་གཉིས་པའི་ཐོག་རྩེ་ཕོ་བྲང་དབུ་རྩེ་ནས་གར་རོལ་པས་བཞེངས་བརྡ་ཕུལ་བསྟུན་བོད་ལྗོངས་སྣོད་བཅུད་ཆོས་སྲིད་ཡོངས་ཀྱི་དོན་གྱི་བདག་པོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་སྐུ་བཞེངས་ཀྱིས་རྒྱུན་གྱི་ཐུགས་དམ་ཉམས་བཞེས་གྲུབ་པ་དང་།རྩེ་གསོལ་ཐབ་ནས་བཀྲིས་བདེ་ལེགས་ཀྱི་གྲོ་སོ་ཕྱེ་མར་དང་གསོལ་ཇ།བཞེས་འབྲས།གྲོ་ཐུག་དེ་བཞིན་བར་ཐབ་ནས་ཀྱང་གྲོ་བསོ་ཕྱེ་མར་དང་།ཆང་ཕུད་བཞེད་ལྡན་སོགས་རིམ་ཕེབས་དང་བསྟུན་ནང་མ་སྒང་གི་མཛད་སྒོ་གྲུབ་འཕྲལ་མཚན་གཟིམ་ཁང་དུ་ཆིབས་བསྒྱུར་གྱིས་བདེ་སྟན་ཐོག་ཞབས་སོར་འཁོད་པ་དང་།སྐུའི་ཡོངས་འཛིན་རྣམ་གཉིས་དང་།མཚན་ཞབས།རྣམ་གྲྭ་གསུང་ཞབས་བཅས་ནས་མཇལ་དར་ཕུལ་ཏེ་ཕྱག་དབང་སྩལ།

གྲལ་འཁོད་ཀྱིས་གསོལ་གྲོབཞེས་འབྲས་སོགས་རིམ་ཕེབས་ཞལ་འདོན་གྲུབ་པ་དང་།ཉི་འོད་དུ་བཞུགས་ཁྲི་རིན་པོ་ཆེར་ཞབས་སོར་འཁོད་མཚམས་སྲིད་བཀས་མཚོན་པའི་ནང་མ་མཁན་སྡེ་ཆེ་ཆུང་ཡན་ནས་བཀྲིས་བདེ་ལེགས་ཀྱི་མཇལ་དར་རེ་ཕུལ།ཕྱག་དབང་སྩལ་ཏེ་གྲལ་ལ་འཁོད།གྲོ་སོ་ཕྱེ་མར།གསོལ་ཇ།བཞེས་འབྲས་སོགས་ཕེབས།དེ་ནས་ཕོ་བྲང་དབུ་རྩེར་ཕེབས་སྐབས་བཀའ་བློན་ཁྲི་པ་དང་།སྐུ་བཅར་སྤྱི་མཁན་ནས་ཕྱག་འདྲེན་ཞུས།བཀྲིས་རྟགས་བརྒྱད་རི་མོས་ཕྱུག་པའི་རས་དཀར་གྱི་ཕེབས་རས་བཏིང་སྟེ་གར་མཁན་ནས་ཕེབས་བརྡ་བསུ་སྣ།སྤྱན་རྒྱ་སྤོས་འཛིན་སོགས་ཀྱིས་སྔུན་བསུས་ཏེ་གདན་ཞུས་ཀྱིས་༸གོང་ས་མཆོག་བཞུགས་ཁྲིར་ཞབས་སོར་འཁོད།བཀའ་བློན་བགྲེས་པ་ནས་གཞུང་གནས་ཀྱི་རྟེན་གསུམ་མཇལ་དར་བཏེགས་འབུལ་དང་འབྲེལ་སྲིད་བཀས་མཚོན་ཡོངས་འཛིན་རྣམ་གཉིས་ཀྱིས་དབུས་རྩེ་ཤོད་ལས་ཚན་ནས་གོ་བབ་ཀྱི་མཇལ་དར་དཀར་གཙང་རེ་ཕུལ།མུ་མཐུད་གསུང་ཞབས་རྣམ་གྲྭ་ནས་ཕྱག་དབང་ཞུས་ཏེ་གྲལ་ལ་འཁོད།ཞལ་འདོན་དབུ་ཚུགས།རྣམ་གྲྭ་དབུ་མཛད་ཀྱི་བརྡ་དང་བསྟུན་གསོལ་ཇ།བཞེས་འབྲས་སོགས་རིམ་བཞིན་ཕེབས།འདོད་ཁམས་བདག་མོ་དཔལ་ལྡན་དམག་ཟོར་མའི་གཏང་རག་ཚེས་གཏོར་གྱི་གཏོར་འབུལ་གསོལ་ཚོགས་ལེགས་པར་གྲུབ་རྗེས་རྩེ་མཁན་མགྲོན་ཆེ་བས་༸གོང་ས་ཆེན་པོར་གུས་བཏུད་ཕྱེད་གཟན་ཕབ་སྟེ་དཀར་སྤྲོ་བཀྱེ་ཆོག་ཞུས།ཀ་ཁྲི་སྒྲོགས་ཏེ་ཚེས་གཏོར་གྱི་མཛད་སྒོའི་རིམ་པ་གྲུབ་རྗེས་ཕེབས་རས།སྤྱན་སྤོས་སོགས་གོང་བཞིན་གཟིམ་ཆུང་དུ་གདན་ཞུས་ཞུ།

གཞུང་ཞབས་སེར་མོ་བ་རྣམས་ན་བཟའ་ཕྱ་གྲུ་ཕྱ་སྟོད་བརྗེ་བཞེས་ཀྱིས་དྲུང་ཇ་ཚུགས།བཀྲིས་བདེ་ལེགས་ཀྱི་ཕྱེ་མར་དང་།གསོལ་ཇ་དང་པོ་དང་།གྲོ་མ་འབྲས་སིལ་བཞེས་ཐུག་གསོལ་ཚིགས་སོགས་རིམ་བཞིན་ཕེབས།རྩེ་སྐོར་ལས་ཚན་ཡན་གཟིམ་ཆུང་ཉི་འོད་དུ་བཅར།མདོ་སྦུག་ཚང་མར་གསོལ་ཚིགས་གཟབ་རྒྱས་སྩལ།གསོལ་ཇ་གཉིས་པ་ཕེབས།རྩེ་སྐོར་རྣམས་ན་བཟའ་ཕྱ་གྲུ་ཕྱ་སྟོད་བཞེས།༸གོང་ས་ཆེན་པོར་གོང་བཞིན་ཕྱག་འདྲེན་དང་།སྤྱན་སྤོས་ཕེབས་རས་སོགས་སྔར་བཞིན་ཞུས་ཏེ་ཚོམས་ཆེན་སྲིད་ཞི་ཕུན་ཚོགས་སུ་གདན་ཞུས་ཀྱིས་གསེར་ཁྲི་ཆེན་མོར་ཞབས་སོར་འཁོད།འབྲས་སེ་དགའ་གསུམ་གྱི་རྒྱལ་སྤྲུལ་ཧོ་ཐོག་ཐུ་ཁག་དང་།སློབ་དཔོན།བླ་སྤྲུལ་ལས་སྣེ་བཅས་ནས་ཕྱག་འཚལ་དང་འབྲེལ་མཁན་པོ་བགྲེས་པ་ནས་བླ་སྤྱིའི་རྟེན་གསུམ་བཏེགས་འབུལ་གྱིས་མཇལ་ཁ་ཞུས།ཕྱག་དབང་སྩལ།གྲལ་ལ་འཁོད།༸གོང་ས་ཆེན་པོའི་སྐུ་མདུན་རྩེ་མཁན་མགྲོན་ཆེན་མོས་ཕྱེད་གཟན་ཕབ་པའི་གུས་བཏུད་ཞུས་ཏེ་མགྲོན་བརྒྱུད་ཀྱིས་༸གོང་ས་མཆོག་ནས་ཧོ་ཐོག་ཐུ་ཁག་དང་།འབྲས་སེ་དགའ་གསུམ་གྱི་སློབ་དཔོན་ལས་སྣེ་འདུས་དམངས་དང་བཅས་པ་ཁམས་བཟང་པོ་བྱུང་ངམ་ཞེས་བཀའི་འཚམས་འདྲི་བསྐྱངས།སྨོན་ལམ་དགེ་བཤེས་མཚན་རྟགས་འཇོག་མིའི་ཁོངས་ནས་བགྲོ་གླེང་པ་ལྷ་རམས་ཆ་གཉིས་རེ་ཚོགས་ལངས་རྩོད་པ་ཚུགས།གྲལ་འཕྲོས་པ་ཞེས་རྩེ་སྐོར་དཀྱུས་མ་གཉིས་དེ་ཉིན་ལས་ཚན་པའི་གདན་ཐོབ་སྟག་གདན་རེ་ཟུར་དུ་བཏིང་ཡོད་པའི་ཐོག་བཀྲིས་པའི་ཚིགས་བཅད་དབྱངས་སུ་སྒྲོགས་བཞིན་འཁོད།གསོལ་ཇ་ཕེབས།རྩེ་མཁན་མགྲོན་ཆེ་བའི་བརྡ་དང་བསྟུན་གར་རོལ་བ་རྣམས་ནས་གར་དང་པོ་འཁྲབ།བཞེས་འབྲས་ཕེབས།མཇལ་ཐེངས་གཉིས་པ་སྩལ།གར་གཉིས་པ་འཁྲབ།བཞེས་ཐུག་གྲོ་ཐུག་དང་གསོལ་ཚིགས་ཕེབས།ཞབས་པད་གཉིས་སྐུ་བཞེངས་ཀྱིས་དཀར་སྤྲོའི་གཡས་གཡོན་དུ་ཕེབས་ཏེ་གཟིགས་ཞིབ་དང་འབྲེལ་རྩེ་ཤོད་ཕྱག་མཛོད་དང་།ལྷ་ཞོལ་གཉེར་ཚང།རྩམ་ལེན་དོ་དམ་སོགས་ནས་དཀར་སྤྲོ་ཐོག་སོ་གཅིག་ཙམ་བསྒྲིགས་འབུལ་ཐོག་མགྲོན་ཆེ་ནས་གུས་བཏུད་ཀྱིས་དཀར་སྤྲོ་བཀྱེ་ཆོག་ཞུས་འཕྲལ་༸གོང་ས་ཆེན་པོར་གསོལ་དཔོན་སྐུ་བགྲེས་ནས་དཀར་སྤྲོའི་ཕུད་ནས་གསོལ་བསྐངས་ཕུལ་རྗེས་མཛད་ཞབས་རྣམས་ལ་རྩེ་མགྲོན་ནས་གསོལ་བསྐངས་ཤིང་འབྲས་འགྲེམས་སྤེལ་ཞུས།

མི་མང་ནས་དཀར་སྤྲོར་སྡེབས་མཆོང་རྒྱགགར་གསུམ་པ་འཁྲབ།གསོལ་ཇ་གསུམ་པ་ཕེབས།བགྲོ་གླེང་པ་ནས་བཀྲིས་ཚིག་བཀྲ་བཅད་དེ་མཇལ་ཁ་ཞུ།ཕྱག་སྲུང་དང་།འཕྲལ་བདེ་ལས་ཁུངས་ཀྱི་སོང་གསལ་གཡོགས་དར་སྩལ།ཐུགས་རྗེ་ཆེ་ཞུའི་ཕྱག་འཚལ་ཞུ།ཀ་ཁྲི་སྒྲོགས་ཏེ་ཕེབས་རས།ཕྱག་འདྲེན།སྤྱན་སྤོས་སོགས་གོང་བཞིན་ཞུས།རྩེ་གཟིམ་ཆུང་དུ་གདན་ཞུ་ཞུས་ཏེ་དགུང་གསར་ཉིན་དང་པོའི་མཛད་སྒོ་གྲོལ།འདིའི་ཉིན་དང་པོར་བླ་མ་ལོ་གསར་ཞེས་འབོད་སྲོལ་ཡོད།གང་ལགས་ཤེ་ན།དེ་ཉིན་བོད་ཀྱི་བླ་ཆེན་རྣམས་དང་གདན་གསུམ་སོགས་དགོན་ཁག་གི་མཁན་པོ་ཚང་མས་༸གོང་ས་ཆེན་པོར་བཀྲིས་བདེ་ལེགས་ཞུ་བཅར་དབང་གིས་དེ་ལྟར་འབོད་སྲོལ་ཆགས་པ་རེད།

དགུང་གསར་དགྱེས་སྟོན་ཉིན་གཉིས་པ།

༄༅།།གནམ་ལོ་གསར་ཚེས་ཀྱི་ཉིན་གཉིས་པ་རྒྱལ་པོ་ལོ་གསར།བོད་ཟླ་༡ཚེས་༢དགུང་གསར་དགྱེས་སྟོན་ཉིན་གཉིས་པར་སྔ་དྲོའི་ཆུ་ཚོད་༩ཐོག་རྩེ་གཟིམ་ཆུང་ཉི་འོད་དུ་དྲུང་བཞེས་དང་གསོལ་ཚིགས་ཕེབས།དེ་ནས་གར་རོལ་བའི་ཕེབས་བརྡ་དང་བསྟུན་ཕེབས་རས།སྤྱན་རྒྱ་སོགས་སྔ་ཉིན་ལྟར་ཐོག་༸གོང་ས་ཆེན་པོའི་ཕྱག་འདྲེན་སྐུ་བཅར་སྤྱི་ཁྱབ་མཁན་པོ་དང་རིན་ཆེན་རྒྱན་ཆ་བ་ཁྲི་པ་ནས་ཞུས་ཏེ་ཚོམས་ཆེན་སྲིད་ཞི་ཕུན་ཚོགས་སུ་གདན་ཞ་ུཞུས།

གསེར་ཁྲི་ཆེན་མོར་ཞབས་སོར་འཁོད་འཕྲལ་རིན་ཆེན་རྒྱན་ཆ་བ་རྣམས་དང།རྣམ་གྲྭ་དབུ་སློབ་གསུང་ཞབས་བཅས་ནས་བཞུགས་ཁྲིའི་སྤྱན་སྔར་འགྲེང་བཞེངས་ཀྱི་ཐོག་ནས་ཞལ་འདོན་རོལ་ཆ་དང་བཅས་རྟེན་འབྱུང་གི་སརྒ་གཏོད་ཕྱིར་བཀྲིས་རྟགས་བརྒྱད་དང་།རྫས་བརྒྱད།རྒྱལ་སྲིད་སྣ་བདུན་སོགས་རིམ་བཞིན་ཚིག་མཚམས་སོ་སོར་རིན་རྒྱན་ཁྲི་པས་བཏེགས་འབུལ་ཞུས་ཏེ་གྲུབ་མཚམས་ཚང་མས་སྐུ་ཕྱག་ཕུལ་ཏེ་བཀའ་བློན་བགྲེས་པ་ནས་གཞུང་གནས་ཀྱི་རྟེན་གསུམ་བཏེགས་འབུལ་དང་འབྲེལ་སྲིད་བཀས་མཚོན་ཡོངས་འཛིན་རྣམ་གཉིས་དང་ཡབ་གཞིས་སྐུ་ངོ་རྣམ་པ།ཛ་དར་ཏ་ཐའི་ནང་མ་མཁན་སྡེ་ཆེ་ཆུང་།ཕོགས་མདའ།རྩིས་སྲས།རྩེ་ཤོད་ལས་ཚན་ཁོངས་གཏོགས་ཚང་མ་དང་།རྩེ་རིག་གནས་སློབ་དགེ།ལྷ་སྡོད་ཕྱི་རྒྱལ་སྐུ་ཚབ་ཁག་བཅས་དང་།ཁ་བལ།ལ་འབྲུག་མི་སྣ་སོ་སོ་ནས་གོ་བབ་ཀྱིས་མཇལ་དར་དཀར་གཙང་རེ་ཕུལ་ཏེ་མཇལ་ཁ་ཞུས་ནས་རང་རང་གི་གོ་ཐོབ་ལྟར་གྱི་གྲལ་གདན་ལ་འཁོད།རྩེ་མཁན་མགྲོན་ཆེན་མོས་ཕྱེད་གཟན་ཕབ་སྟེ་གུས་བཏུད་ལ་༸གོང་ས་མཆོག་ནས་གུང་བཀའ་བློན།མི་དྲག་རྣམས་དང་།ཕྱི་རྒྱལ་སྐུ་ཚབ་སོགས་ལ་མགྲོན་བརྒྱུད་ཀྱིས་བཀའི་འཚམས་འདྲི་བསྐྱངས།རིན་རྒྱན་མགྲོན་ཆེས་གསོལ་ཇ་གདན་ཞུས་ཀྱིས་རིན་རྒྱན་གསོལ་ཆེ་ནས་སྐུ་བཅར་གསོལ་ཆེའི་ཕྱག་བརྒྱུད་གསོལ་ཇ།

བཞེས་འབྲས་བཏེགས་པ་དང་ཆབས་ཅིག་མཛད་ཞབས་ཚང་མར་གསོལ་ཇ་བཞེས་འབྲས་ཕེབས།ཟློས་གར་བ་གཞོན་ནུ་རྣམས་ནས་གར་དང་པོ་འཁྲབ།བགྲོ་གླེང་པ་གཉིས་ནས་རྩོད་པ་དང་།གྲལ་འཕྲོས་པ་གཉིས་ནས་བཀྲིས་ཚིག་བཀྲ་བཅས་ཚུགས།མཇལ་ཐེངས་གཉིས་པར།ས་སྐྱ་བ་དང་།བཀྲས་ལྷུན་བླ་བྲང་།རྡོར་སྨིན།འབྲི་འབྲུག་མཚུར་སྟག་སོགས་ནས་དགུང་གསར་རྟེན་འབྱུང་འབུལ་མཇལ་དང་།རྩེ་ཤོད་ཞབས་གསར་བ་གསར་མཇལ་ཁག་བཅས་ནས་རྟེན་གསུམ་བཏེགས་འབུལ་ཞུས་ཏེ་རང་རང་གདན་ཐོབ་ལ་འཁོད།བཞེས་ཐུག་ཕེབས།ཉེ་འཁོར་གཞིས་ཁག་འབྲས་བུ་གླིང་གི་ཁོངས་ནས།༸གོང་ས་ལྔ་པའི་གཟིགས་སྣང་དུ་བྱུང་བ་ལྷ་དང་།ཚངས་པ།བརྒྱ་བྱིན།དྲི་ཟ།གྲུལ་བུམ་ལ་སོགས་པའི་མཆོད་གར་རྔ་རོལ་གླུ་དབྱངས་དང་བཅས་རིམ་བཞིན་བསྟར་བསྒྲིགས་ཀྱིས་གཟིགས་འབུལ་ཞུས།བཞེས་འབྲས་ཕེབས།གར་ཐེངས་གཉིས་པར་ཟློས་གར་བ་སྐྱེས་པ་མི་བཞི་ནས་ལག་གཉིས་ཀར་གྲི་རིང་རེ་ཐོགས་ཏེ་གྲི་གར་འཁྲབ།རིན་རྒྱན་ཁྲི་པ་དང་།བཀའ་བློན་ཕེབས་རེས་ནས་དཀར་སྤྲོ་བསྒྲིགས་འབུལ་གཟིགས་ཞིབ་བསྐྱངས།གསོལ་ཚིགས་ཕེབས།འདི་སྐབས་གར་རོལ་པས་གླིང་བུ་སྙན་འཇེབས་ཤིག་གཏོང་།བཀའ་བློན་རྣམ་པ་དང་།སྐུ་བཅར་སྤྱི་མཁན།ཛ་ཐའི་སོགས་ཀྱི་གསོལ་ཚིགས་རང་ཁུངས་སོ་སོའི་ཤག་ནས་མགྲོན་གཡོག་གིས་བསྣམས་པ་རྒྱ་ལྕོག་ཆུང་ཆུང་རེའི་སྟེང་བསྒྲིགས་ཏེ་མཆོད།མགྲོན་ཆེས་གུས་བཏུད་བཀྱེ་ཆོག་ཞུས་པ་དང་།༸གོང་ས་ཆེན་པོར་གསོལ་ཆེ་ནས་གསོལ་བསྐངས་ཕུལ་རྗེས་མཛད་ཞབས་སྐུ་མགྲོན་ཁག་ལ་རྩེ་མགྲོན་ནས་གསོལ་བསྐངས་ཤིང་འབྲས་འགྲེམས་འབུལ་ཞུས་འཕྲལ་མི་མང་ནས་དཀར་སྤྲོར་སྡེབས་མཆོང་རྒྱགགསོལ་ཇ་གཉིས་པ་ཕེབས།སླར་ཡང་ཟློས་གར་བ་གཞོན་ནུ་རྣམས་ནས་གླུ་གར་མི་འདྲ་བ་ཞིག་གི་གར་ཐེངས་གསུམ་པ་འཁྲབ།བགྲོ་གླེང་ཕེབས་རེས་གཉིས་ནས་བཀྲིས་པའི་ཚིག་བཀྲ་བཅད་དེ་ཕྱག་འཚལ་དང་འབྲེལ་མཇལ་དར་རང་སློག་ཐོག་ཕྱག་དབང་དང་ཕྱག་སྲུང་སྩལ།འཕྲལ་བདེ་ལས་ཁུངས་ཀྱིས་སོང་གསལ་གཡོགས་དར།གནང་ཆ་སྩལ་བར་ཐུགས་རྗེ་ཆེ་ཞུའི་ཕྱག་འཚལ་ཞུ།ཀ་ཁྲི་སྒྲོགས་ཏེ་གྲོལ་བ་དང་བསྟུན་རྡོ་རིང་ནང་མའི་རྡོ་གཅལ་སྟེང་གཙང་ལུང་ནག་ཤེལ་དཀར་བ་ནས་གནམ་བྲོ་ཐག་རྩེད་ཅས་པའི་ཤིང་རྩེད་སར་ལྷ་ཞོལ་མི་མང་རྣམས་ཞལ་མཇལ་དང་ཆབས་ཅིག་ལྟད་མོར་ཇི་སྙེད་ཡོང་སྲོལ།ལོ་གསར་ཉིན་གཉིས་པ་ལ་སྤྱིར་བཏང་རྒྱལ་པོ་ལོ་གསར་ཟེར་ཞིང་།དེ་ནི་༸གོང་ས་ཆེན་པོས་རྒྱལ་སྲིད་དང་།ཆོས་སྲིད་གཉིས་ཀའི་བདག་དབང་ཟུང་འབྲེལ་དུ་བཞེས་པའི་ཁོངས་ནས་སྔར་གྱི་རྒྱལ་སྲིད་ཀྱི་ལུགས་སྲོལ་དང་མཐུན་པའི་དགུང་གསར་གྱི་མཛད་སྒོ་ཡིན་པའི་དབང་གིས་དེ་ལྟར་བརྗོད་སྲོལ་ཆགས་འདུག

དགུང་གསར་དགྱེས་སྟོན་ཉིན་གསུམ་པ།

༄༅།།བོད་ཟླ་༡ཚེས་༣ཉིན་རྩེ་ཕོ་བྲང་དུ་སྔ་དྲོའི་དྲུང་བཞེས་འཆར་ཅན་རྩེ་སྐོར་ཁེ་གཙང་ལས།ཤོད་སྐོར་མེད་པའི་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་།ཡོངས་འཛིན་རྣམ་གཉིས་སོགས་དབུ་བཞུགས་ཀྱིས་རྣམ་གྲྭ་ཚོགས་ཡོངས་ནས་འདོད་ཁམས་བདག་མོ་གཙོ་གྱུར་གྱི་སྲུང་སྤྱིའི་གཟབ་གསོལ་རྒྱས་པ་བསྐྱང་།གསོལ་ཚིགས་ཕེབས།གཟིམ་ཆུང་ལྷ་མོའི་སྤྱན་སྔར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་།རྒྱལ་བསྟན་ཆབ་སྲིད།སྐྱེ་འགྲོའི་བདེ་སྐྱིད་བཅས་ཀྱི་སྐོར་ལ་ཟན་བརྟག་བསྒྲིལ་འབུལ་བསྐྱངས་པས་འདི་ལ་ཚེས་གསུམ་ཟན་བསྒྲིལ་ཞེས་གྲགས།དེ་ཉིན་དགའ་ལྡན་དར་ཆེན་སྐུ་བཞེངས་གྲུབ་འཕྲལ་མི་དཔོན་གཉིས་ནས་འགག་ཏུ་༸སྙན་གསེང་མཇལ་བཅར་ཞུ།

འབྲས་ཚོགས་ཆེན་ཞལ་ངོ་ངོ་ལས་འབྱོར་མཇལ་ཞུས་འབྲེལ་ལྷ་ལྡན་སྨོན་ལམ་ཆེན་མོའི་རིང་བླང་དོར་བྱེད་སྒོའི་སྐོར་ལ་རྩེ་གཟིམ་འགག་ནས་མགྲོན་ཆེས་བཀའ་བསྒྱུར་སྩལ།ནང་མ་ཡན་ལ་དཀར་སྤྲོ་རྒྱས་པ་ཕེབས་ཏེ་དྲུང་བཞེས་གྲོལ།དེ་ཉིན་བཀའ་བློན་རྣམ་པ་དང་།ཕོགས་མདའ་རྩིས་ཕྱགལྷ་ཞོལ་གཉེར་མི་དཔོན་གྱིས་མཚོན་ཤོད་སྐོར་གཞུང་ཞབས་རྣམས་སྔ་ཆར་གནས་ཆུང་རྡོ་རྗེ་སྒྲ་དབྱངས་གླིང་དུ་དགུང་གསར་གྱི་རྟེན་འབྱུང་ལྷ་ཚེས་གཟབ་གསོལ་དུ་ཕེབས་དགོས་ཐོག་རྩེ་ནས་སྐུ་ཚབ་སྐུ་བཅར་མཁན་ཆེ་གཅིག་དང།༸སྦུག་དམ་ལུང་ཞུ་སྒྲོན་དར་བཅས་ཕེབས།དེ་འབྲེལ་གཞུང་ས་མཆོག་ནས་ལྷ་ཞིབ་མཛད་པའི་ལྷ་ཁོག་བརླམས་ཆོག་པ་རྣམས་ཀྱི་ལྷ་ཁྲལ་རྫོང་ཁག་སོ་སོས་བསྡུ་ལེན་བགྱིས་ཏེ་བཤེར་དཔང་བརྒྱུད་གནས་ཆུང་ཆོས་རྒྱལ་ཆེན་པོར་༸སྙན་སྒྲོན་དང་འབྲེལ་འབུལ་ལམ་ཞུས་ཐོག་ནས་མཆོག་གསུམ་རྒྱ་མཚོར་དེ་ཉིན་སྟོང་མཆོད་གཟབ་རྒྱས་ཤིག་འབུལ་དགོས་པ་དང།གཟབ་གསོལ་གྲུབ་འཕྲལ་བཤེར་དཔང་དང་།བཀྲས་ལྷུན་ནང་མ་སྒང་།ས་སྐྱ།མཚོ་སྣ་རྫོང་བཅས་ནས་གཞུང་དེབ་ནང་གསལ་བཞིན་ཆོས་རྒྱལ་ཆེན་པོར་མཐུན་རྫས་སྒྲོན་དར་དང་།ལྗོན་ཇ།གོས་ཡོད་ཀྱི་དགུ་ཚན།གསེར་ཞོ་གསུམ།དངུལ་གྱི་ཞལ་དཀར།གནས་ཆུང་དཔེ་ཧར་ལྕོག་གི་རྒྱལ་མཚན།དར་ཆེན་གྱི་ན་བཟའ་བཅས་སྒྲོན་འབུལ་གནང་དགོས།ལྷ་ཚེས་གྲུབ་འཕྲལ་རྫོང་རྒྱབ་སྤྲོ་ཁང་དུ་ཚང་མ་ཕེབས་ཏེ་གསོལ་ཇ་བཞེས་འབྲས་དང་གསོལ་ཚིགས།དཀར་སྤྲོ།མཆོད་ཆང་།གར་པ་ནས་རོལ་ཆ་གླུ་གར།རྒྱང་མའི་མདའ་རྩེད་བཅས་གྲུབ་རྗེས་བླ་ཕྱག་ནས་ལེགས་དར་ཕུལ་ཏེ་གྲོལ།དེ་ནས་ལྷ་ལྡན་དུ་འབྲས་ཚོགས་ཆེན་ཆབ་དམ་པ་ནས་དིང་ཁུང་ཆུ་མིག་སོགས་ས་འདུས་ཁག་ལ་སྒྲིག་སྒོའི་ཚོགས་གཏམ་བཏང་།དགོང་དྲོ་ཡར་ཚོགས་གྲལ་འཛིན།ཁྱམས་རའི་དབུ་གཡབ་ནང་བཀའ་ཤག་ཚོགས་གཟིགས་ལ་ཕེབས།ཚོགས་ཆེན་ཞལ་ངོ་ནས་བཅའ་ཡིག་ཆེན་མོ་སྒྲོགས་སྦྱང་དང་འབྲེལ་སྨོན་ལམ་རིང་བྱེད་སྒོའི་དྲིལ་བསྒྲགས།དེ་ཉིན་བླ་ཕྱག་ནས་གསོལ་ཇ་མང་ཇ་དང་།དགེ་འདུན་རེར་བཀྲིས་པའི་འཛུགས་དར་རེ་སྒྲོན་ཏེ་གྲོལ།།

keyboard_arrow_up