༄༅།། བོད་ཟླ་ ༡ ཚེས་ ༢༸ ཉིན་གནམ་མདའ་ཞེས་ལྷ་ལྡན་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་མཛད་སྒོ་ལེགས་པར་གྲུབ་པའི་བཀྲིས་བདེ་ལེགས་ཀྱི་གྲོལ་སྟོན་ཆེན་མོའི་ཉིན་སྔར་སྲོལ་ལྷ་ཀླུའི་མདུན་གཞུང་གི་སྤྲོ་ཁང་ཟུར་ཡོད་ལ་བཀའ་ཤག་དང་། ཆིབས་ཞབས་ཤོད་སྐོར་ཡོངས་རྫོགས་ཕེབས། བཀའ་ཤག་གསོལ་ཐབ་ནས་གསོལ་ཇ་བཞེས་འབྲས་ཕུལ་རྗེས་ཡ་གཡོག་རྣམས་རྟ་བཞོན་ཏེ་རྒྱུག་རྩལ་ཐོག་ནས་འབེན་ལ་མདའ་འཕེན་དང་། དེ་མཇུག་བཀའ་ཤག་གི་གཟིགས་ལམ་ཤོད་དྲུང་གཉིས་ནས་ཤིང་སྟེགས་ཤིག་གི་སྟེང་ལངས་ཏེ་སྐད་གསང་མཐོན་པོས་དབྱངས་དང་བཅས་ཏེ་འདི་ལྟར་བརྗོད།
དཔུང་བཟང་མདའ་པའི་ཚོགས་རྣམས་ཉོན། རྒྱང་མ་ཆ་རེད།འཇུ་ཐལ་ཡ་རེད། མདའ་བཟང་པོ་རྣམས་མདའ་ཡིག་ཞུ་ལ་ཤོག་ཅིག་ཝ་ཡེ། ཞེས་ལན་གཉིས་བརྗོད་དེ་མདའ་པ་རྣམས་ཀྱི་མདར་བཀའ་དྲུང་ནས་སོ་སོའི་མིང་ཡིག་བཀོད་དེ་རྒྱང་མ་རྩལ་འགྲན་བྱེད། དེ་སྐབས་རྩེ་གསོལ་ཐབ་ནས་བཀའ་ཤག་ལ་ཇ་ཞུ་དང། དཀར་སྤྲོ་ལྔ་བརྩེགས་ཕེབས།སྐུ་སྲུང་གཟིམ་པ་རྣམས་གཟིགས་མཐོངས་གྲལ་ལ་འཁོད་དེ་ཇ་ཐུག་གི་སྟོན་མོ་གཟབ་རྒྱས་སྩལ། མདའ་རྒྱང་མ་དང་། འཇུ་ཐལ་སོ་སོའི་རིང་ཚད་ཀྱི་ཨང་རིམ་ཇི་ཐོབ་ཡ་སོར་གཉིས་དང། བཀའ་དྲུང་གཅིག་ཕེབས་ཏེ་ཨང་ཐོ་བཀོད་ནས་བཀའ་ལྷན་ལ་སྙན་འབུལ་ཞུས།དེ་ནས་བཀའ་ཤག་སྤྲོ་ཁང་གཟིམ་ཆུང་དུ་གསོལ་ཚིགས་ལ་ཕེབས།འདི་ཉིན་བཀའ་ཤག་ལ་གསོལ་སྟོན་སྒྲོག་རྩེ་གཟབ་རྒྱས་ཤིག་དང་།གཞུང་ཞབས་ཤོད་སྐོར་བྱིངས་ལ་ཁ་ཆེ་ཤ་འབྲས་གཟབ་ལེགས་ཤིག་བཅས་བླ་ཕྱག་ནས་འབུལ་དགོས།གསོལ་ཚིགས་གྲུབ་རྗེས་སླར་ཡང་ཚང་མ་སྤྲོ་ཁང་དབུ་གཡབ་ཏུ་ཕེབས་འཕྲལ་གསོལ་ཇ་ཞིག་ཕེབས།མདའ་རྒྱང་མའི་ཨང་ཐོ་བཀའ་དྲུང་ནས་ཀློག་སྟེ་བླ་ཕྱག་ནས་ཚན་གྲངས་དང་། ལེགས་དར་སྩལ།དེ་ནས་བཀའ་བློན་སྐུ་སྐྱ་བོ་རྣམས་ཀྱི་དབུ་ཞྭ་བརྗེས་ཏེ་སོག་ཞྭ་དམར་པོ་བཞེས།ཞོལ་གཉེར་ནས་དངུལ་ཕོར་ནང་བཀའ་ལྷན་ལ་ཁྲུང་གཡང་ཕུད་གཏོར་པུས་བཙུགས་ཀྱིས་ཞུས་རྗེས་གཞུང་ཞབས་མཆོད་ཆང་བཞེས་མི་དང། བི་ཤུ་རྩལ་འགྲན་བྱེད་མི་རྣམས་ལ་དངུལ་ཕོར་ནང་ཁྲུང་ཞུ་མས་མཆོད་ཆང་ཡང་ཡང་ཞུ་ཞིང་།བི་ཤུ་རྒྱག་མི་ཚོས་༸ས་དབང་རྣམ་པར་ནང་ཚ་ཕུལ་ཏེ་འབེན་ལ་ཕོག་ན་༸ས་དབང་རྣམ་པར་མཆོད་ཆང་བཏེགས་པ་དགྱེས་མཉེས་ཀྱིས་བཞེས་དགོས་ཡོང་།ཡང་བི་ཤུ་འབེན་ལ་ཕོག་མི་རྣམས་ལ་༸ས་དབང་རྣམ་པས་ལེགས་ཆང་སྩལ་བ་ཁྲུང་ཞུ་མས་ཞུས་ཏེ་སྐུ་མདུན་དུ་པུས་བཙུགས་ཀྱིས་འཐུང་དགོས།བླ་ཕྱག་ནས་འཕྲལ་འཕྲལ་ཚ་དར་སྤྲད་པ་སྐེ་རགས་ལ་གཟེར་བས་མདའ་ཚ་པོ་རྣམས་ལ་དགོང་དྲོ་ཁ་བཏགས་ཀྱིས་ཤམ་ཐབས་ལྟ་བུ་ཆགས་ཡོང་།
དེ་སྐབས་གཞུང་གི་ཟློས་གར་བ་གར་པ་དང་གར་ཕྲུག་རྣམས་ནས་རོལ་མོའི་བྱེ་བྲག་སྣ་ཚོགས་ཚང་བའི་རོལ་དབྱངས་སྙན་ཞིང་འཇེབས་པ་དང་། གར་གླུ་བཅས་བཏང་བས་བདེ་བའི་ཉམས་ཀྱིས་ཐུགས་བེར་བ་ལྟ་བུ་ཡོང་། དགོང་དྲོ་ཉི་རྒས་མཚམས་མཛད་སྒོ་གྲོལ་ཁར་བླ་ཕྱག་ནས་ཤིང་འབྲས་བཀའ་བློན་རྣམ་པར་རྒྱ་ལྕོག་རེ་དང་། དེ་བྱིངས་ལ་ཐ་སྤག་བཞི་བརྩེགས་དང་། ཐ་སྤག་༢།༣ བར་གོ་ཐོབ་ཀྱིས་ཕུལ། བཀའ་བློན་རྣམ་པའི་ཤིང་འབྲས་གར་ཕྲུག་པར་སྩལ། བླ་ཕྱག་ནས་བཀའ་བློན་རྣམ་པར་མགུལ་དར་ནང་མཛོད་དྲི་བྲལ་དང་། རིམ་སྲས་ཡན་ལ་ཨ་ཤེ། དེ་བྱིངས་ལ་ཟུབ་ཤེ། དེ་བཞིན་རྩིས་ཁང་ནས་མཇལ་དར་རེ་ཕུལ། དེ་ནས་ཆིབས་ཐོག་གཟིམ་ཤག་ཏུ་མ་ཕེབས་བར་མཇལ་དར་མགུལ་བཞེས་ཐོག་གར་ཕྲུག་པས་རོལ་ཆ་གཏོང་བཞིན་པར་ཕེབས།གཟིམ་སྤྱོང་པ་རྣམས་ཁག་བགོས་ཀྱིས་བཀའ་བློན་སོ་སོའི་གཟིམ་ཤག་བར་སྐུ་སྲུང་གིས་ཕེབས་སྐྱེལ་ཞུ་སྲོལ་བཅས་སྨོན་ལམ་རྗེས་འབྲེལ་གྲོལ་སྟོན་བཅས་ལེགས་པར་གྲུབ་པ་རེད།།