ལོ་དྲུག་དཀའ་བ་སྤྱད་པའི་གནས།
༄༅། །དབེན་གནས་ནེེ་རཉྫ་ནའི་འགྲམ་ངོགས་སུ།།
ཞལ་ཟས་རགས་པ་སྤངས་ཏེ་བགྲང་བྱ་དྲུག་གི་རིང་།།
ཏིང་འཛིན་གཡོ་མེད་རྩེ་གཅིག་སྙོམས་ཞུགས་ཀྱིས།།
བརྩོན་པ་ཆེན་པོས་དཀའ་ཐུབ་སྤྱད་ལ་ཕྱག་འཚལ་ལོ།།
ཞེས་ལོ་དྲུག་དཀའ་བ་སྤྱད་པའི་གནས་ནི། གཞོན་ནུ་དོན་གྲུབ་རབ་ཏུ་བྱུང་ནས་རིངས་བྱེད་ཀྱི་བུ་ལྷ་སྤྱོད་སོགས་དྲང་སྲོང་རྣམས་ཀྱི་ཁྲོད་དུ་བྱོན་ཏེ། དེ་དག་གི་དཀའ་ཐུབ་གང་དང་གང་སྤྱད་པ་དེ་དང་དེ་དག་ལས་ཉིས་འགྱུར་དུ་མཛད་པས་ན། དྲང་སྲོང་རྣམས་ངོ་མཚར་སྐྱེས་ཏེ། འདི་ནི་དགེ་སྦྱོང་ཆེན་པོ་ཞིག་འདུག་གོ་ཞེས་པས་དགེ་སྦྱོང་ཆེན་པོ་ཞེས་པའི་མཚན་སྙན་བྱུང་བ་དང་། དེ་ནས་ཡབ་རྒྱལ་པོ་ཟས་གཙང་གིས་རང་གི་སྲས་འཁོར་གཡོག་མེད་པར་འཁྱམས་སོང་བ་ལ། གཡོག་སུམ་བརྒྱ་དང༌། སྲུ་སྐྱེ་དགུའི་བདག་མོས་གཡོག་ཉིས་བརྒྱ་བཅས་འཁོར་གཡོག་ལྔ་བརྒྱ་ཞབས་འབྲིང་དུ་བཏང་བ་ན། གཞོན་ནུས་དབེན་པར་འཁོར་མང་པོ་འདི་འདྲ་བསྟེན་པ་མི་ལེགས་སོ་སྙམ་སྟེ། བྱིངས་རྣམས་ཕྱིར་སློག་པ་དང་། འཁོར་ལྔ་སྡེ་ཕྱིར་མ་ལོག་པར་བྱང་ཆུབ་སེམས་པ་དང་མཉམ་དུ་དཀའ་ཐུབ་ལ་བཞུགས། བྱང་ཆུབ་སེམས་དཔའ་ནི་ཆུ་བོ་ནེ་རཉྫནའི་འགྲམ་གྱི་ནགས་ཚལ་གྱི་ཤིང་དྲུང་དུ་སྐྱིལ་མོ་ཀྲུང་བཅས་ནས་དཀའ་ཐུབ་ལ་བཞུགས་ཤིང་། ཐོག་མར་ལོ་གཉིས་ཙམ་གྱི་རིང་ཉིན་རེར་འབྲས་འབྲུ་བདུན་རེ་གསོལ། དེ་ནས་ལོ་གཉིས་ཀྱི་རིང་ཉི་མ་རེར་འབྲས་བུ་གཅིག་རེ་གསོལ། དེ་ནས་ལོ་གཉིས་ཀྱི་རིང་ལ་ཅི་ཡང་མ་གསོལ་བར་ལོ་དྲུག་གི་རིང་དཀའ་ཐུབ་སྤྱད་དེ། ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ།། ལོ་དྲུག་དཀའ་བ་སྤྱད་པའི་གནས་ནི། ཆུ་བོ་ནཻ་རཉྫ་ན་ཞེས་པ་རྡོ་རྗེ་གདན་གྱི་ཤར་ཕྱོགས་ལྷོ་ནས་བྱང་དུ་འབབ་པའི་འཁྲམ་དུ་ཡོད་པར་གསུངས་པ་བཞིན། རྡོ་རྗེ་གདན་གྱི་ཤར་ཕྱོགས་ལམ་ཟུར་གྱི་བྱེ་ཐང་དང་ཆུ་བོ་ནཻ་རཉྫན་བརྒལ་ནས་ཅུང་ཟད་ཕྱིན་པའི་སར་ཡོད་ཅིང་། གནའ་དུས་སུ་གནས་དེར་རྡོ་ལས་བྱས་པའི་སངས་རྒྱས་ཀྱི་སྐུ་བརྙན་རྩ་རྒྱུས་དང་སྒལ་ཚིགས་ལ་སོགས་པ་ཐམས་ཅད་གསལ་ཞིང་རིད་པར་ཞལ་ནུབ་ཏུ་གཟིགས་པ་ཞིག་དང་། བ་ལང་རྫིས་སྙན་ཁུང་དུ་ཤིང་བུ་བཅུག་པའི་སྐུ་བརྙན་དང་། རྒྱལ་པོ་ཟས་གཙང་མས་འཁོར་ལྔ་བརྒྱ་བཏང་བའི་རྟ་བཏགས་པའི་གནས་ལ་མཆོད་རྟེན་གཅིག་དང་། དཀའ་ཐུབ་ལས་བཞེངས་ཏེ། རྡོ་རྗེ་གདན་གྱི་ལྷོ་ནུབ་ཏུ་རྒྱང་གྲགས་ཕྱེད་ཙམ་ན་དུར་ཁྲོད་ཅིག་ཡོད་པར་བྱོན་ཏེ། རོ་ལས་རས་གཅུས་ནས་མདོག་བསྒྱུར་བའི་གནས་ན་མཆོད་རྟེན་གཅིག་དང་། དེའི་ཤར་ཕྱོགས་རྒྱང་གྲགས་ཕྱེད་ཙམ་ན་ཆོས་གོས་བཀྲུས་པའི་གནས་ན་མཆོད་རྟེན་ཆེ་བ་གཅིག་དང་། དེ་ནས་བྱོན་ཏེ་རྡོ་རྗེ་གདན་གྱི་ལྷོ་ཕྱོགས་ལོགས་ན་སྐུ་ཁྲུས་མཛད་ཅིང་དབུ་སྐྲ་བཞར་བའི་གནས་རྡོའི་ཐེམ་སྐས་དང་མཆོད་རྟེན་བཅས་ཡོད་པ་དང་། མེ་ཏོག་རྙིང་པ་ཐམས་ཅད་དེར་འདོར་བར་གསུངས་ཤིང་། ད་ལྟ་མཆོད་རྟེན་དང་དགོན་པའི་ཤུལ་མང་པོ་ཡོད་པས། རེ་རེ་བཞིན་ངོས་འཛིན་དཀའ་ཞིང་། ཁོ་བོ་ནི་ས་སྦྲུལ་ཕྱི་ལོ ༡༩༩༠ ཟླ ༡༢ པའི་ནང་དུ་གནས་མཆོག་དེ་མཇལ་རྒྱུའི་སྐབས་བཟང་ཐོག་མ་བྱུང་ཞིང་། དེ་ནས་ལོ་མང་རིང་ཐེངས་མང་མཇལ་སྐོར་དང་ཉམས་ཞིབ་རྒྱུས་ལོན་བཅས་བྱས་པའོ།།
བུ་མོ་ལེགས་སྐྱེས་མས་བ་མཆོག་སྟོང་གི་འོ་མའི་ཉིང་ཁུ་ཕུལ་བའི་གནས།
གྲོང་པའི་བུ་མོ་ལེགས་སྐྱེས་མ་དང་ཐོག་མར་མཇལ་ཏེ། འོ་ཐུག་བསྐོལ་སའི་གནས་ན་མཆོད་རྟེན་དྲུག་ཕྲེང་བ་ལྟར་ཡོད་པ་དང་། རྡོ་རྗེ་གདན་གྱི་ཤར་ཕྱོགས་ནཻ་རཉྫ་ནི་འགྲམ་ན་མཆོད་རྟེན་གཅིག་ཡོད་པ་དེར་འོ་ཐུག་གསོལ་ནས་ལྷུང་བཟེད་ཆུ་ལ་བསྐུར་ཏེ་སླར་ལོག་པའི་གནས་ན་རྡོ་རིང་འདོམ་རེ་ལྷག་ཙམ་བྱས་པའི་ནང་ན་རྡོའི་མཆོད་རྟེན་རེ་བཞུགས་པར་གསུངས་པ་ནི། ད་ལྟ་ལོ་དྲུག་དཀའ་སྤྱད་མཛད་པའི་གནས་ཀྱི་ཉེ་འགྲམ་ཆུ་བོ་ནཻ་ར་ཉྫཱ་ནའི་ཟམ་ཆེན་གྱི་སྣེ་མོའི་གྲོང་ཚོ་ཆུང་ངུ་ཞིག་གི་རྒྱབ་ངོས་སུ་གོང་དེ་ཡིན་ནམ་སྙམ་པའི་རྗེས་ཤུལ་དང་། དེ་དང་ཉེ་བར་ན་སེ་ན་ནི་ (SENANI) ཟེར་བའི་གྲོང་གསེབ་ཅིག་ཏུ་ད་ལྟ་གསར་དུ་བཞེངས་པའི་སྐུ་བརྙན་དེ་མཇལ་རྒྱུ་ཡོད།
ཁྱེའུ་བཀྲ་ཤིས་ཀྱིས་རྩྭ་ཀུ་ཤ་ཕུལ་བའི་གནས་ནི། རྡོ་རྗེ་གདན་གྱི་ཤར་ཕྱོགས་ཟམ་ཆེན་བརྒལ་མ་ཐག་པ་དེར་རེད་ཟེར།
བཅོམ་ལྡན་འདས་སངས་རྒྱས་པའི་གནས་མཆོག་རྡོ་རྗེ་གདན།
དེ་ནས་ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱིས་བསྐུལ་བ་ན།།
དཀའ་ཐུབ་གྲོལ་ཕྱིར་བདུད་རྩིའི་སྙིང་པོར་རོལ་བ་ཡིས།།
མཚན་དཔེའི་དཔལ་འབར་རྩྭ་མཆོག་ཕྱག་བསྣམས་ནས།།
བྱང་ཆུབ་ཤིང་དྲུང་གཤེགས་པར་མཛད་ལ་ཕྱག་འཚལ་ལོ།།
ཇི་སྲིད་བྱང་ཆུབ་མཆོག་གི་སྙིང་པོ་མ་རྙེད་བར།།
དེ་སྲིད་སྟན་དེར་བཞུགས་པར་ཐུགས་དམ་མཛད་པའི་ཚེ།།
ཡིད་སྲུབས་བདག་པོ་ཁྲོས་པས་དམག་ཚོགས་དྲངས་པ་ན།།
བྱམས་པའི་སྟོབས་ཀྱིས་བདུད་སྡེ་བཅོམ་ལ་ཕྱག་འཚལ་ལོ།།
བྱང་ཆུབ་ལྗོན་པའི་དྲུང་དུ་མཉམ་བཞག་སྐྱིལ་ཀྲུང་ངང་།།
རྫོགས་སྨིན་སྦྱངས་གསུམ་ས་བཅུ་ལམ་ལྔ་མཐར་སོན་སྟེ།།
ཆོས་ཀུན་མཁྱེན་པ་སྐུ་བཞིའི་གོ་འཕང་མཆོག་གྱུར་གྱི།།
ཡང་དག་རྫོགས་པའི་བྱང་ཆུབ་བརྙེས་ལ་ཕྱག་འཚལ་ལོ།།
ཞེས་གནས་མཆོག་རྡོ་རྗེ་གདན་ནི། ནང་པའི་གནས་ཆེན་གྱི་ཀུན་གྱི་གཙོ་བོ་དང་གནས་ཆེན་བཞིའི་ཡ་གྱལ་བདག་ཅག་གི་སྟོན་པ་མཆོག་གིས་དཀའ་བ་སྤྱད་པ་དང་། བྱང་ཆུབ་ཤིང་དྲུང་དུ་གཤེགས་པ། བདུད་བཅོམ་པ། སངས་རྒྱས་པའི་གནས་ཁྱད་འཕགས་ཅན་དེ་ཡིན་ཅིང་། དེ་ཡང་བྱང་ཆུབ་སེམས་དཔའ་དཀའ་ཐུབ་ལས་བཞེངས་པ་དང་། སྔོན་ཡུན་རིང་པོ་ནས་སྨོན་ལམ་བཏབ་པ་གྲོང་པའི་བུ་མོ་ལེགས་སྐྱེས་མས། བ་མཆོག་སྟོང་གི་འོ་མ་ཉིང་ཁུར་བྱས་པའི་འོ་ཐུག་གསེར་སྣོད་བཀང་སྟེ་ཕུལ་བ་བཞེས་ནས། བྱང་ཆུབ་ཤིང་དྲུང་དུ་གཤེགས་པའི་ལམ་བར་དུ་རྩྭ་ཚོང་ཁྱེའུ་བཀྲ་ཤིས་ཀྱིས་རྩྭ་ཀུ་ཤ་ཕུལ་བ་དེ་ཉིད་རྡོ་རྗེ་གདན་གྱི་བྱང་ཆུབ་ལྗོན་ཤིང་དྲུང་དུ་རྩྭ་ཀུ་ཤའི་རྩེ་མོ་རྣམས་གཡས་སུ་བསྟན་པའི་གདན་གྱི་སྟེང་དུ་སྐྱིལ་ཀྲུང་བཅས་ཏེ༑ སྐུ་དྲང་པོར་བསྲང་ཞལ་ཤར་ཕྱོགས་སུ་གཟིགས་ནས། ཇི་སྲིད་བླ་ན་མེད་པ་ཡང་དག་རྫོགས་པའི་བྱང་ཆུབ་མ་ཐོབ་ཀྱི་བར་དུ་སྟན་འདི་ལས་གཡོ་འགུལ་ཙམ་ཡང་མི་བྱའོ་སྙམ་པའི་དམ་བཅའ་དང་བཅས་སྙོམས་པར་ཞུགས་པ་དང་། བདུད་རིགས་རྣམས་སེམས་རབ་ཏུ་འཁྲུགས་ཏེ། བདུད་དམག་བྱེ་བ་འབུམ་ལྷག་ནས་མཚོན་ཆའི་ཆར་ཕབས་ཀྱང༌། དེ་དག་ཐམས་ཅད་མེ་ཏོག་གི་ཕྲེང་བར་གྱུར་ནས། སྐུ་ལ་ཅི་ཡང་མ་གནོད་པར་ས་ག་ཟླ་བའི་ཚེས་བཅུ་བཞིའི་སྲོད་ལ་བདུད་སྡེ་རྣམས་བཅོམ། གུང་ལ་མཉམ་པར་བཞག ཚེས་བཅོ་ལྔའི་ཐོ་རངས་ལ་བཅོམ་ལྡན་འདས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་མཛད་པ་བསྟན་ཏོ།།