༄༅།། ཚེས་ ༢༩ ཉིན་གསང་སྔགས་རྙིང་མ་བྱང་ཆུབ་གླིང་པའི་ཚོགས་ཡོངས་ནས་རྙིང་ལུགས་གཏོར་སྒྲུབ་དང་འབྲེལ་བའི་༸རྒྱལ་བའི་སྐུ་གླུད་དུ་མི་གསོན་པོའི་གླུད་འགོང་རྒྱལ་པོའི་གཟུགས་གཉིས་དང་། སྐུ་གླུད་གཏོར་བཟློག་བཅས་རྒྱག་ཅིང་། དེའི་སྐབས་ཁྱམས་རའི་སྒོ་འཕྱོར་འོག་ཏུ་བྱང་ཆུབ་གླིང་གི་སློབ་དཔོན་དང། གླུད་འགོང་གཉིས་ཤོ་མིག་འགྲན་བསྡུར་བྱེད། སྐུ་ཚབ་ཏུ་རྣམ་གྲྭའི་སྐུ་ཞབས་དབུ་པཎ་དང་། སྐུ་བེར། སྟོང་ཆབ་ཀྱི་དོམ་ར་བསྐྱོན་པ་ཞིག་དང་བཀའ་ཤག་གི་སྐུ་ཚབ་བཀའ་ཤག་ཤོད་པ་གཉིས་བཅས་ཡོད་ཅིང་། ༸རྒྱལ་བའི་སྐུ་ཚབ་དང་། བྱང་ཆུབ་གླིང་པའི་སློབ་དཔོན་གཉིས་ལ་བཞུགས་ཁྲི་ཆུང་ཆུང་རེ་དང་། གསོལ་ལྕོག་རེ་ཡོད།གཞན་རྣམས་བཞེངས་ཏེ་བཞུགས་དགོས། ཤོའི་ཆེ་ཆུང་ནི་བྱང་ཆུབ་གླིང་པའི་སློབ་དཔོན་གྱི་ཤོའི་ཞེང་ཚད་ངོས་རེར་དབྱིན་ཅི་ཕྱེད་གཉིས་ཙམ་གྱི་གྲུ་བཞི་དཀར་པོ་མིག་གཅིག་ནས་དྲུག་བར་ཡོད་པ་དང་།གླུད་འགོང་གི་ཤོ་ཆེ་ཆུང་གོང་མཚུངས་ནག་པོ་མིག་ཉིས་རྐྱང་རྐྱང་ཡིན་ཡང་། ཟུར་འདེབས་སུ་ཨང་ཀི་ཆུང་ཆུང་གཅིག་ནས་དྲུག་བར་བཀོད་ཡོད་པ་རེད།
དེ་ནི་ལྟད་མོ་བ་མི་ཤིན་ཏུ་མང་པོ་མཐའ་སྐོར་དུ་ཁེངས་བསྡད་ཡོད་སྟབས་གསང་ཐབས་ཀྱི་དགོས་པ་ཞིག་ཡིན་པ་རེད། བྱང་གླིང་སློབ་དཔོན་གྱི་ཤོ་ནི་གསོལ་ལྕོག་ཐོག་སྟེང་ཁེབས་སྒྲོན་པའི་སྟེང་དུ་འཕེན་ཅིང། གླུད་འགོང་གི་ཤོ་བྱང་སློབ་ཀྱི་གསོལ་ལྕོག་མདུན་རྡོ་གཅལ་སྟེང་རས་ནག་ཅིག་བཏིང་བའི་སྟེང་དུ་འཕེན་གྱི་ཡོད་པ་རེད། ཤོ་མིག་ཆེ་ཆུང་༼མང་ཉུང་༽རྩེའི་སྐུ་ཚབ་དང་། བཀའ་ཤག་སྐུ་ཚབ་གཉིས་ནས་གཟིགས་ཏེ་བཀའ་ཤག་སྐུ་ཚབ་ནས་གསང་རྟགས་དངོས་འབྲེལ་གྱི་གྲངས་དེ་སམ་ཁྲའི་ཐོག་བྲིས་ཏེ་བཀའ་ཤག་བརྒྱུད་གཟིམ་ཆུང་༸སྙན་ཞུར་འབུལ་དགོས། གལ་སྲིད་གླུད་འགོང་གི་ཤོ་མིག་ཨང་གསལ་ལ་རྒྱལ་ཁ་ཐོབ་ཚེ་ལོ་དེར་༸རྒྱལ་བའི་སྐུ་ཕྱྭ་དང་། ཆབ་སྲིད་ལ་ངན་དོགས་ཡོད་པས་ཞབས་རིམ་རྒྱ་ཆེ་གནང་སྲོལ་འདུག ཤོ་རྒྱག་ཟིན་རྗེས་གླུད་འགོང་དེ་དག་ཁྲོ་བོའི་ཞལ་འབག་གྱོན་པའི་ཧ་ལ་རྣམས་ཀྱིས་དེད་དེ་གཅིག་ར་སྒང་བརྒྱུད་བསམ་ཡས་དང་། གཅིག་འཕན་པོ་སྒོ་ལ་བརྒྱུད་གླུད་འགོང་སྒང་དུ་འགྲོ་དགོས། རྒྱབ་ཏུ་བྱང་གླིང་གི་གཏོར་རྒྱག་ཤ་གསར་སྒང་དུ་རྒྱག དེ་མཇུག་རྒྱུད་སྨད་གཏོར་རྒྱག་ཀླུ་སྒུག་ཏུ་རྒྱག་སྐབས་གནས་ཆུང་ཆོས་རྒྱལ་ཆེན་པོ་ཡང་གཏོར་རྒྱབ་ཏུ་ཕེབས། དེ་དང་དུས་མཚུངས་རྒྱུད་སྟོད་ནས་ར་ཆེའི་ལྟག་ཏུ་གཏོར་རྒྱག་ཞིག་དང་།གོང་དཀར་ཆོས་སྡེས་ཁྲོམ་ཁང་རྒྱབ་ཏུ་གཏོར་རྒྱག་གཅིག་བཅས་དེ་ཉིན་རང་ལ་རྒྱག་པ་རེད།།