༄༅།།བོད་ཟླ་བཅུ་པའི་ཟླ་མགོའི་ནང་དགུན་ཐོག་དགའ་ལྡན་ལྔ་མཆོད་གོང་༸གོང་ས་ཆེན་པོ་ནོར་གླིང་ཕོ་བྲང་ནས་རྩེ་ཕོ་བྲང་དུ་ཆིབས་བསྒྱུར་བཀྲིན་ཆེ་རྒྱུའི་མཛད་ལམ་ཆིབས་བསྒྱུར་མར་ཕེབས་ཀྱི་ལམ་དང་འདྲ་བ་ལོ་ལྟར་བསྟར་ཆགས་དང་།སྐབས་རེ་སྨོན་ལམ་ཆེན་མོར་གཞུང་གནས་སམ།རྒྱལ་སྤྲུལ་ཧོ་ཐོག་ཐུ་ཆེ་ཁགདད་སྦྱིན་གཏོང་ཕོད་ཅན་འབྱོར་ལྡན་ཁག་སོགས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་ཚོགས་མགོན་དུ་གདན་ཞུས་ཆིབས་བསྒྱུར་བཀྲིན་ཆེ་སྐབས་གོང་གསལ་མཛད་སྒོ་ལས་གཟབ་ཅིང་རྒྱས་སྤྲོས་ཆེ་བ་གནང་སྲོལ་བཞིན་ཆོ་འཕྲུལ་ཟླ་བའི་ཡར་ངོའི་གཟའ་ཚེས་འཕྲོད་སྦྱོར་ཕུན་སུམ་ཚོགས་པའི་ཉིན།རྩེ་ཕོ་བྲང་གི་གསུམ་སྐས་འོག་ནས་སྦྱིན་བདག་སུ་ཡིན་གྱིས་མཇལ་ཕྱག་ཕུལ་ཏེ་སྤོས་སྣེ་ཞུས།
གཞུང་སྒོ་ཕུན་ཚོགས་འདུ་ལམ་བརྒྱུད་༸གོང་ས་མཆོག་ཕེབས་བྱམས་ཆེན་མོ་དང་།ཆིབས་ཞབས་རྣམས་རྡོ་རིང་ནང་མ་ནས་ཆིབས་རགས་ཐོག་ཞོལ་ལྕགས་རིའི་གཞུང་སྒོ་ནས་རྩེ་ཕོ་བྲང་ལ་གཡས་བསྐོར་གྱི་ལྕང་གསེབ་ཤར་བརྒྱུད་ཕེབས་ཤིང་།དེ་མཚམས་ནས་འབྲས་ཚོགས་ཆེན་ཞལ་ངོ་ལས་བྱ་དགེ་ཐབ་དང་བཅས་པས་ཕེབས་ལམ་དབྱེ་བ་དང་།མི་མང་ཞལ་མཇལ་ཞུ་མི་ནི་ཕེབས་ལམ་གྱི་གཡས་གཡོན་རབ་ཏུ་ཁེངས་ནས་ཡོད་ཅིང་།ལྷ་ལྡན་གསར་བྱུང་ཟམ་པའི་མཚམས་སུ་གནས་ཆུང་སྐུ་ཕེབས་ནས་གུས་བཏུད་སྒྲོན་དར་རྟེན་གསུམ་བཏེགས།
དེ་ནས་སྐྱིད་རས་བར་ནས།ཤར་སྐྱ་རེངས་བར་སྐོར་ལྷོ་རྒྱུད་ཤིང་རའི་ཕྱི་རོལ་དུ་ཆིབས་ཞབས་རྣམས་རྟ་བཤོལ།རྡོ་སྐས་མཚམས་ནས་༸གོང་ས་ཆེན་པོ་ཕེབས་བྱམས་ལས་བཤོལ་བར་མཛད་དེ་བླ་སྟེང་གཟིམ་ཆུང་དུ་ཞབས་སོར་འཁོད་སྐབས་ཕེབས་སྟོན་གསོལ་ཇ་བཞེས་འབྲས་དང་།དཀར་སྤྲོ་སོགས་གོང་བཞིན་གཟབ་རྒྱས།ཇོ་བོའི་དབུ་སྐྲའི་མཚམས་ཤིང་རྩེད་དང་།བྲོ་པ་གཞས་མང་སོགས་ཀྱིས་གླུ་གར་གཟིགས་འབུལ།བླ་ཕྱག་ནས་ལེགས་དར་གཡོགས།ཡར་ངོའི་ཚེས་ཆ་བཟང་བ་ཞིག་ལ་བླ་སྟེང་ཚོམས་ཆེན་ཨེ་ཝཾ་དུ་མཛད་སྒོ་དང་དཀར་སྤྲོ་རྒྱས་པ་དགུང་གསར་ཉིན་གཉིས་པ་ལྟ་བུ་ལ་ལྷ་ཀླུ་དྲི་ཟ་གྲུལ་བུམ་གྱི་གར་མཆོད་མེད་པ་ཙམ་ལས་དེ་བྱིངས་ཇི་ལྟ་བ་བསྐྱངས་ཏེ་ཚོགས་ཕེབས་ཀྱི་སྦྱིན་བདག་ནས་ལེགས་འབུལ་བསྟར།གསར་མཇལ་ཁག་དང་རྩེ་ཤོད་ཞབས་གསར་བ་འཕར་མ་ནས་གསར་མཇལ་རྟེན་གསུམ་བཏེགས་འབུལ་སོགས་སྔར་ལྟར་ཡོང་།མཐར་ཚོགས་ལངས་པ་མཁན་པོ་དགེ་བཤེས་སུ་ཡིན་གྱིས་ཚིག་བཀྲ་བཅད་ནས་མགྲོན་ཆེས་ཀ་ཁྲིར་མཇལ་དར་སྒྲོགས་ཏེ་མཛད་སྒོ་གྲོལ།དེ་མཇུག་སྨོན་ལམ་མ་གྲོལ་གོང་ཚོགས་ཕེབས་དངོས་གཞིའི་མཛད་སྒོ་གྲུབ་རྗེས་མར་ངོའི་ཚེས་ཆ་གང་འོས་ཞིག་ལ་རྩེ་ཕོ་བྲང་དུ་རྒྱས་སྤྲོས་སྔར་བཞིན་ཕྱིར་ཕེབས་གནང་སྲོལ་ཡོང་།