བརྒྱ་བྱིན་ཚལ་དང་ཉེ་བའི་གྲོང་ཁྱེར་མཉན་ཡོད་ན།།
ཚུལ་མིན་དྲེགས་པའི་སྟོན་པ་དྲུག་དང་ལྷས་བྱིན་སོགས།།
ལོག་པར་རྟོག་པའི་ཕྲག་དོག་དྲི་མ་སུན་འབྱིན་ཕྱིར།།
ངོ་མཚར་ཆོ་འཕྲུལ་དཔག་མེད་བསྟན་ལ་ཕྱག་འཚལ་ལོ།།
ཞེས་མཉན་ཡོད་དེ་ཀོ་ས་ལའམ་ཤྲཱ་བསྟི་ (Shravasti) ཞེས་པ་ནི། གྲོང་ཁྱེར་ཆེན་པོ་དྲུག་གམ་བཞིའི་ཡ་གྱལ་རྒྱལ་པོ་རྩིབས་ཀྱིས་འཕུར་ཚངས་བྱིན་གྱི་བུ་གསལ་རྒྱལ་བཙས་པའི་ཡུལ་དང་། བདག་ཅག་གི་སྟོན་པ་མཆོག་ལོ་ཉི་ཤུ་རྩ་ལྔ་དབྱར་གནས་སུ་བཞུགས་པའི་གནས་དང་། བདུད་བཏུལ་བའི་གནས་སོགས་ཡིན་ལ༑ བདེ་མཆོག་གི་གནས་ཆེན་ཉེར་བཞིའི་ནང་གི་བཅུ་གཉིས་པ། མཚན་མོ་སྣ་རྩེ་ཀོ་ས་ལ་གསལ་རྒྱལ་གྱི་ཡུལ་ན་རྡོ་རྗེའི་ཆོས་འབྱུང་སྣ་བུག་འདྲ་བ་ལྟ་བུའོ། ཞེས་པའི་ཡུལ་དེ་འཁྲུལ་མེད་ཡིན་ཅིང་། གནས་དེར་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བའི་ཤུལ་ཡོད། དེ་ནི་ཚོང་དཔོན་ཕྱུག་པོ་མགོན་མེད་ཟས་སྦྱིན་ཟེར་བ་དེས་སངས་རྒྱས་བཅོམ་ལྡན་འདས་མཇལ་བ་ན་དད་པ་དཔག་ཏུ་མེད་པ་སྐྱེས་ནས་སངས་རྒྱས་བཞུགས་སའི་ལྡུམ་ར་ཧ་ཅང་ལེགས་པ་ཞིག་འབུལ་རྒྱུའི་ཆེད་དུ། རྒྱལ་བུ་རྒྱལ་བྱེད་ལ་ལྡུམ་ར་ལེགས་པོ་ཞིག་ཡོད་པ་འཚོང་རོགས་ལབ་པར། རྒྱལ་སྲས་དེས་འཚོང་རྒྱུའི་འདོད་པ་མེད་པར། ལྡུམ་ར་འདིའི་ས་ཁྱོན་ཡོངས་རྫོགས་གསེར་ཊམ་གྱིས་འགེབ་ནུས་ན་འཚོང་ཆོག་ཟེར་བར། ཚོང་དཔོན་མགོན་མེད་ཟས་སྦྱིན་གྱིས་གསེར་ཊམ་དེ་བཞིན་སྤྲད་དེ། སངས་རྒྱས་བཞུགས་གནས་ཕུལ་བར་གྲགས་པ་དང་། གནས་དེར་སངས་རྒྱས་རང་ཉིད་བཞུགས་སའི་གཙུག་ལག་ཁང་སྟེ། རཱ་ཛ་ཀུ་ཊི། ཀཽ་སམྤའི་ཀུཊི། ཀ་ཀེ་རི་ཀུ་ཊི། གན་དྷ་ཀུ་ཊི་བཅས་དྲི་གཙང་ཁང་བཞི་ཀའི་ཤུལ་ཡོད་ཅིང་། དེ་ལ་གན་དྷ་ཀུ་ཊི་ནི་སྟོན་པའི་བཞུགས་གནས་གཟིམ་སྤྱིལ་གཙོ་བོ་ཡིན་པ་དང་། སྤྱིར་མཉན་ཡོད་ནི་སྟོན་པའི་བཞུགས་གནས་ཀུན་གྱི་ནང་ནས་གཙོ་བོ་ཡིན་པ་ལས། རྒྱལ་བྱེད་ཚལ་རང་ལ་དབྱར་ཉི་ཤུ་དང་། རི་དྭགས་འཛིན་མའི་ཤར་གྱི་ཀུན་དགའ་རྭ་བར་དབྱར་ལྔ་སྟེ་ཁྱོན་བསྡོམས་པའི་ལོ་ཉི་ཤུ་རྩ་ལྔ་བཞུགས་པ་དང་། མཆོག་ཟུང་གཉིས་དང་། ལྔ་སྡེ་བཟང་པོ། གནས་བརྟན་བཅུ་དྲུག
འོད་སྲུང་ཆེན་པོ། འཆར་ཀ རྟ་ཐུལ་ལ་སོགས་པ་སྟོན་པའི་འཁོར་གྱི་གཙོ་བོ་ཉན་ཐོས་ཆེན་པོ་བརྒྱད་ཅུ་ཞེས་གྲགས་པ་དེ་ཀུན་ཀྱང་ཕལ་ཆེར་གནས་དེར་ཡུན་རིང་བཞུགས་པ་ཤ་སྟག་ཡིན་ཅིང་།
སྟོན་པ་མཆོག་དགུང་ལོ་ང་བདུན་ལ་ཕེབས་པ་མེ་ཕོ་འབྲུག་གི་ལོར་ཆོ་འཕྲུལ་ཆེན་པོ་བསྟན་ནས་ཕྲག་དོག་ཅན་མུ་སྟེགས་ཀྱི་སྟོན་པ་དྲུག་ཕམ་པར་མཛད་པ་དང་། གནས་དེར་གདུལ་བྱ་དད་པ་ཅན་དག་གིས་ཆོ་འཕྲུལ་བསྟན་པའི་མཆོད་རྟེན་བཞེངས་ནས་དུས་སྟོན་གྱི་མཆོད་པ་བྱས་པ་སོགས་སངས་རྒྱས་ཀྱིས་ཆོ་འཕྲུལ་ཆེན་མོ་བསྟན་པའི་གནས་ཀྱང་དེ་ཡིན་ནོ།།
གནས་དེ་ནི་ཨུ་ཏྟར་པྲ་དེ་ཤའི་ (Uttar Pradesh) མངའ་ཁོངས་བྷ་རེ་ཅཱ་ཟེར་བར་ཡོད། མཆོད་རྟེན་རྣམ་དག་གྲོང་ (Kisariya) ནས་མཉན་ཡོད་དེ་ཤྲཱ་བསྟི་ (Shravasti) བར་སྤྱེ་ལེའམ་ཀི་ལོ་མི་ཊར་ ༣༥༩ ཝཱ་རཱ་ཎ་སཱི་ནས་ཀི་ལོ་མི་ཊར་ ༣༠༨ ཡོད། ཁོ་བོ་ནི་ས་སྦྲུལ་ཕྱི་ལོ་ ༡༩༩༠ ཟླ་ ༡༢ ཚེས་པ་བཅུ་གྲངས་ཤིག་ལ་གནས་འདི་དང་། རྩྭ་མཆོག་གྲོང་སོགས་སྟབས་ཅིག་ཏུ་མཇལ་རྒྱུའི་སྐལ་བཟང་བྱུང་ངོ་།།