ཡངས་པ་ཅན་ཞེས་བྱ་བའི་ཁོར་ཡུག་ཉམས་དགའ་རུ།།
དོན་དམ་ཡང་དག་འཕགས་སོགས་བྱང་སེམས་དུ་མ་ཡིས།།
བཀའ་ཡི་དགོངས་དོན་དྲང་ངེས་གསལ་བར་ཞུས་པ་ན།།
ལེགས་པར་རྣམ་ཕྱེའི་ཆོས་འཁོར་བསྐོར་ལ་ཕྱག་འཚལ་ལོ།།
ཞེས་ཡངས་པ་ཅན་ནམ་བཻ་ཤཱ་ལི་ (Vaishali) ཟེར་བ་ནི། སྟོན་པས་གདུལ་བྱ་ཐེག་པ་ཆེན་པོའི་རིགས་ཅན་དབང་པོ་འབྲིང་རྣམས་ལ་ལེགས་པར་རྣམ་པར་ཕྱེ་བའི་ཆོས་ཀྱི་འཁོར་ལོ་གསུམ་པ་བསྐོར་བའི་གནས་དང་། སྔོན་བཅོམ་ལྡན་འདས་ཤིང་ཨཱ་མྲས་སྐྱེད་མོས་ཚལ་དང་། སྤྲེའུ་རྫིང་གི་འགྲམ་ན་ཁང་པ་བརྩེགས་པའི་གནས་ན་བཞུགས་པར་འདུལ་བ་ལས་གསུངས་པའི་གནས་ཆེན་དང་། ཆོས་རྒྱལ་མྱ་ངན་མེད་ཀྱིས་སྦྱིན་བདག་བྱས་ཏེ། གྲོང་ཁྱེར་ཡངས་པ་ཅན་གྱི་ཀུ་སུམ་པུ་རིའི་གཙུག་ལག་ཁང་དུ། དགྲ་བཅོམ་པ་གྲགས་པ་ལ་སོགས་པའི་དགྲ་བཅོམ་བདུན་བརྒྱས་བཀའ་བསྡུ་གཉིས་པ་མཛད་པ་སོགས་ཀྱི་གནས་ཡིན། ཆོས་རྒྱལ་མྱ་ངན་མེད་ཀྱིས་སེར་སྐྱ་དང་ཝཱ་རཱ་ཎ་སཱི་དང་གཉན་ཡོད་དང་རྒྱལ་པོའ་ིཁབ་དང་ཡངས་པ་ཅན་དང་གྲོང་ཁྱེར་གསལ་ལྡན་དང་རྩྭ་མཆོག་གྲོང་དང་རྡོ་རྗེ་གདན་བཅས་གནས་ཆེན་བརྒྱད་དུ་དྷརྨ་རཱ་ཛ་ཀ་ཞེས་མཆོད་རྟེན་ཆེན་པོ་བརྒྱད་བཞེངས་པར་རྡོ་རྗེ་གདན་གྱི་རྣམ་བཤད་རྒྱན་གྱི་མེ་ཏོག་ཏུ་གསལ་བ་ལས། ཡངས་པ་ཅན་དུ་ཆོས་རྒྱལ་མྱ་ངན་མེད་ཀྱིས་བསླངས་པའི་རྡོ་རིང་སེངྒེའི་ཏོག་ཅན་ཞིག་དང་། དེའི་མདུན་དཀྱིལ་དུ་མཆོད་རྟེན་ཟླུམ་གཟུགས་དེ་ཆོས་རྒྱལ་མྱ་ངན་མེད་ཀྱིས་བཞེངས་པ་ཡིན་ནམ་སྙམ་པའི་མཆོད་རྟེན་དང་། གནའ་དུས་སུ་ཡངས་པ་ཅན་དགེ་འདུན་གྱི་སྡེ་ཚོགས་ཆེན་པོ་ཡོད་པའི་དགོན་ཤུལ་ཧ་ཅང་གི་ཆེན་པོ་བཅས་མཇལ་རྒྱུ་ཡོད།
དེ་ནས་ལྷོ་ངོས་སུ་ཅུང་ཙམ་ཕྱིན་ན། སྟོན་པ་མྱ་ངན་ལས་འདས་རྗེས་སྐུ་གདུང་རིང་སྲེལ་ཆ་བརྒྱད་དུ་བགོས་ཏེ། ལི་ཙཱ་བིའི་སྐལ་བ་རིང་སྲེལ་བཞུགས་པའི་གནས་དང་། དེའི་མདུན་མིག་རྒྱང་གཅིག་གི་སར་སྤྲེའུ་རྫིང་དང་། སྤྲེའུ་ཚོགས་ཀྱིས་སྟོན་པ་ལ་སྦྲང་རྩི་ཕུལ་བའི་གནས་དང་། དེའི་འགྲམ་དུ་ཀུན་དགའ་བོས་མྱ་ངན་ལས་འདས་སྐབས་ཆོ་འཕྲུལ་རྣམ་པ་སྣ་ཚོགས་བསྟན་ནས་སྐུ་ལུས་དེ་དུམ་བུ་གཉིས་མཛད་དེ། ཕྱེད་དེ་ཡངས་པ་ཅན་པ་དང་། ཕྱེད་དེ་རྒྱལ་པོ་མ་སྐྱེས་དགྲ་ལ་ཐོབ་ནས་ལིཙྪ་བི་རྣམས་ཀྱིས་ཡངས་པ་ཅན་དུ་མཆོད་རྟེན་བཞེངས་པའི་གནས་བཅས་མཇལ་རྒྱུ་ཡོད། སྔོན་རྒྱའི་སློབ་དཔོན་ཐང་ཟན་ཙང་གིས་ཡངས་པ་ཅན་གྱི་གྲོང་ཁྱེར་ཆགས་ཤུལ་ཁོར་ཡུག་ཏུ་ལེ་དབར་བདུན་ཅུའི་སྐོར་ཡོད། མི་ཁྱིམ་ཤིན་ཏུ་ཉུང་ལ། གནས་དེར་མཆོད་རྟེན་བརྒྱད་ཡོད་པར་གསུངས་སོ།།