༄༅།།བོད་ཟླ་བཅུ་པའི་ནང་ལྷ་ལྡན་སྤྲུལ་པའི་གཙུག་ལག་ཁང་གི་གནས་སྲུང་གཙོ་བོ་དཔལ་ལྷ་ཞི་དྲག་ལ་རྨེ་རུ་ཚོགས་ཡོངས་དང་།དཔལ་གསོལ་མ་ཞེས་བུད་མེད་ལྷ་ལྕམ་གྱི་ཆས་གྱོན་པའི་འདོན་བཟང་མ་བཅས་ནས་ལོ་རེའི་འཆར་ཅན་ལོ་མཆོད་གཟབ་གསོལ་དང་འབྲེལ་ཚོགས་འཁོར་འབུལ་བའི་དུས་མཆོད་ཆེན་མོར་དཔལ་ལྷའི་རི་གྲ་(རི་རབ་)ཞེས་ཡོངས་སུ་གྲགས་པ་ལྟར།ཚེས་བཅུ་བཞི་ཉིན་སྔ་ཆར་དེ་སྔོན་གུང་ཐང་བླ་མ་ཞང་གིས་གཏེར་བཞེས་དཔལ་ལྷ་དྲག་མོའི་ཞལ་འབག་གསོལ་བའི་སྐུ་གསོབ་གཙུག་ལག་ཁང་གི་ཡང་སྟེང་འཁྱམས་འོག་གདན་དྲངས་ཏེ་ཐོ་རེངས་སྔ་ཆར་ཁྲུས་གསོལ་དང་འབྲེལ་བའི་དཀོན་གཉེར་ནས་ཞལ་བསིལ་ཞུས་ཏེ་རྩེ་ཕྱག་ནས་ཞལ་གསེར་འབུལ་མི་རྩེ་ཕྱག་ནང་བགྲེས་པ་གཅིག་དང།གཏན་འཇགས་ཟུར་འཕྱོང་ལྷ་བྲིས་པ་བཅས་ནས་སྒྲོན་འབུལ་ཞུས།
རྩེ་འཕྲལ་བདེ་ཕྱག་མཛོད་དང་།བླ་ཕྱག་སོ་སོ་ནས་ཐུགས་སྨོན་སྙན་ཤལ་སྣ་ལྔ་སྒྲོན་འབུལ་ཞུས་ཐོག་གསེར་ཞིབ་སོགས་རིན་ཆེན་སྣ་ལྔ་ཞིབ་ཞིབ་དངོས་སུ་ཡོད་པའི་གསེར་སྐྱེམས་འབུལ་ལམ་ཞུས།བཀའ་ཤག་ལྷན་ཚུགས་གནང་མ་ཐག་ཏུ་བཀའ་བློན་ལྷན་རྒྱས་འཕྲིན་བཅོལ་ལ་ཕེབས།དེ་མཇུག་གཞུང་ཞབས་སེར་སྐྱ་ངོ་མ་རྣམས་དང་།མི་མང་ཕོ་མོ་ཆེ་འབྲིང་ཆུང་གསུམ་མཐའ་དག་གཟབ་འཕྱོར་དང་ལྡན་པ་འཚང་བཤིབས་ཀྱིས་ཡོང་སྟེ་འཕྲིན་སྐྱེམས་དང་།སྙན་ཤལ་འབུལ།རྨེ་རུ་ཚོགས་ཡོངས་ནས་གཟབ་གསོལ་གྱི་ཆོ་ག་དང་།ཚོགས་འབུལ་ཟིན་རྗེས་གསོལ་ཚོགས་བཀྱེ།འཕྲོས་རྣམས་ཞལ་མཇལ་ཕེབས་མི་ཚང་མར་བྱིན་རླབས་ཀྱི་རྫས་སུ་མི་རེ་རེ་བཞིན་འབུལ་ཚོད་མེད་པར་བརྟེན་གནམ་ཡངས་སྟེང་ནས་གཏོར་འགྱེད་བྱས་ཏེ་སྦྱིན་ལེན་ཞུས་པ་དེ་དག་ལ་དངོས་གྲུབ་གཏོར་མ་ཞེས་ཡོངས་སུ་གྲགས།དེའི་དགོང་མོ་དཔལ་ལྷ་དྲག་མོ་དེ་བཞིན་ཇོ་བོ་རིན་པོ་ཆེའི་མདུན་ཐད་པང་གཅལ་སྟེང་གདན་ཞུ་ཞུས་ཏེ་ཇོ་བོ་དང་ཞལ་སྤྲོད་ཀྱིས་བཞུགས་སུ་གསོལ།
ཚེས་བཅོ་ལྔ་ཉིན་ཉི་ཤར་མཚམས་དཔལ་ལྷ་དྲག་མོ་ཇོ་བོའི་པང་གཅལ་སྟེང་ནས་གདན་ཞུས་ཀྱིས་ཇོ་ཁང་ནང་མའི་ལྷོ་ངོས་ནས་སེང་ལྡེང་སྒོ་མོ་དང་།འཁྱམས་ར་བརྒྱུད་ལྷ་སའི་བར་སྐོར་དུ་ཕེབས་སྐབས་མི་མང་ཕོ་མོ་དང་།བལ་འབྲུག་སོགས་ཚང་མས་༸སྙན་དར་འབུལ།རྨེ་རུ་ཚོགས་ཡོངས་ནས་ལྷ་སའི་ཕྱོགས་བཞིར་གཏོར་རྒྱག་རེ་རྒྱག་པའི་གཏོར་རྒྱབ་ཏུ་ཕེབས།ཤར་ངོས་དགའ་ལྡན་དར་ཆེན་མཚམས་ལ་ཕེབས་མཚམས་ཀརྨ་ཤར་ལྕོག་ནས་ལྷ་སའི་ས་བདག་ཡུལ་ལྷ་བྱ་ཁྲི་སྤྱན་ཅིག་ཁོག་ཞུགས་ཀྱིས་ཕེབས་ནས་ལྷ་མོར་སྒྲོན་དར་ཕུལ་ནས་མགོ་ཕུད་ཞུ་སྲོལ།དེ་ནས་རིམ་བཞིན་བར་སྐོར་དུ་ཕེབས།ཤར་སྐྱ་རིང་མཚམས་ལྷ་སྡོད་གོར་ཥའི་སྐུ་ཚབ་ཀབ་ཏན་ནས་ཞལ་ཇ།གསེར་ཕུད།སྙན་དར་བཅས་ཕུལ་ཏེ་མཇལ་ཁ་ཞུས།གདོང་ཟུར་ནས་བཤད་སྒྲའི་མདུན་བརྒྱུད་བསམ་ཕོའི་མཚམས་ཟུར་ནས་ལྷ་མོ་ཕྱིར་ཕེབས།གཙུག་ལག་ཁང་ནང་བྱང་ངོས་ནས་གཡས་བསྐོར་གྱིས་གདན་ཞུ་ཞུས་ཏེ་སྔར་གྱི་བཞུགས་མལ་ལ་བཞུགས་སུ་གསོལ་བ་བཅས་དེ་ཉིན་མི་མང་རྣམས་དང་།བལ་འབྲུག་སོགས་ཚང་མས་བསང་གསོལ་གཟབ་རྒྱས་ཞུས་ཡོང་།དྲག་མོའི་སྐུ་གསོབ་གདན་ཞུ་བ་དེར་ལྷ་མོའི་སྐུ་ཁོག་ཅེས་རྨེ་རུའི་གྲྭ་སྡོམ་ལྡན་ཞིག་ནས་སྔོན་ཚུད་ཉིན་བདུན་གཅིག་བསྙེན་མཚམས་ལ་བཞུགས་སྲོལ་ཡོད་འདུག །