༄༅། །བརྩེ་བའི་བདག་ཉིད་རྣམ་འདྲེན་སྟོན་མཆོག་གང་དེ་ཡིས།།
དང་པོ་རིན་ཆེན་བྱང་ཆུབ་མཆོག་ཏུ་སེམས་མཆོག་བསྐྱེད།།
བར་དུ་བསྐལ་ཆེན་གྲངས་མེད་གསུམ་དུ་ཚོགས་གཉིས་རྫོགས།།
མཐར་ཐུག་མཁྱེན་བརྩེའི་དཔལ་མངའ་སྐུ་བཞིའི་གོ་འཕང་བརྙེས།།
དེ་ནས་སྟོང་གསུམ་ཁམས་ཀུན་ཁྱབ་པའི་འགྲོ་རྣམས་ཀྱི།།
བློ་དང་འཚམ་པའི་འཕྲིན་ལས་སྤྲུལ་བསྒྱུར་དཔག་མེད་ཅིང་།།
ལྷག་པར་མི་མཇེད་འཇིག་རྟེན་ཁམས་ཀྱི་འགྲོ་བ་རྣམས།།
གང་གིས་འདུལ་བའི་དུས་ལ་བབས་པར་གཟིགས་ནས་ནི།།
དགའ་ལྡན་ཡིད་དགའ་ཆོས་འཛིན་ལྷ་ཡི་མདུན་ས་རུ།།
གང་གི་རྒྱལ་ཚབ་བྱམས་པ་མགོན་པོ་མངའ་གསོལ་ཏེ།།
རིགས་རུས་ཆོ་འབྲང་ལ་སོགས་གཟིགས་པ་ལྔ་ལྡན་གྱིས།།
དགའ་ལྡན་གནས་ནས་འཕོ་བར་མཛད་ལ་ཕྱག་འཚལ་ལོ།།
ནམ་གྱི་ཐོ་རངས་སྒྱུ་འཕྲུལ་ལྷ་མོའི་མནལ་ལམ་དུ།།
གླང་ཆེན་ཕྲུ་གུ་ཐལ་དཀར་མཆེ་བ་དྲུག་ལྡན་ཞིག།
མཁའ་ལས་གཤེགས་ཏེ་རང་ལ་འཐིམ་པའི་སྣང་ཚུལ་གྱིས།།
ཡུམ་གྱི་ལྷུམས་སུ་ཞུགས་པར་མཛད་ལ་ཕྱག་འཚལ་ལོ།།
སེར་སྐྱའི་གྲོང་དུ་ཤཱ་ཀྱའི་རིགས་སྲས་སྟོང་དང་ལྷན།།
གཞོན་ནུས་རྩེད་འཇོ་རོལ་མཛད་སྒྱུ་རྩལ་ཡིག་རིགས་སོགས།།
ཟླ་མེད་ངོ་མཚར་རྫོགས་པའི་མཚན་སྙན་འབར་བ་ཡི།།
བཟོ་ཡི་གནས་སོགས་མཁས་པར་བསྟན་ལ་ཕྱག་འཚལ་ལོ།།
ཤཱ་ཀྱ་རྒན་རབས་མང་པོས་ཡབ་ལ་བསྐུལ་བའི་ངོར།།
ཁབ་ལ་བཞུགས་ནས་རྒྱལ་སྲིད་བདག་གིར་བཞེས་ནས་ནི།།
ཡོན་ཏན་རྫོགས་པའི་སྒེག་མ་ས་མཚོ་མ་ལ་སོགས།།
བཙུན་མོའི་འཁོར་གྱི་རོལ་བར་མཛད་ལ་ཕྱག་འཚལ་ལོ།།
ཞེསབཅོམ་ལྡན་འདས་ལྷུམས་སུ་ཞུགས་པའི་གནས་སེར་སྐྱའི་གྲོང་ནི། ཡབ་རྒྱལ་པོ་ཟས་གཙང་ངམ་ཤུདྡྷོ་དཱ་ན་དང་། ཁོང་གི་མེས་པོ་ཤཱཀྱའི་རྒྱལ་རབས་རིམ་བྱོན་གྱི་རྒྱལ་ས་དང་། བདག་ཅག་གི་སྟོན་པ་མཆོག་གིས་འཛམ་བུ་གླིང་གི་གདུལ་བྱ་རྣམས་འདུལ་བའི་དུས་ལ་བབས་པ་ན། གཟིགས་པ་ལྔ་ལ་གཟིགས་ནས་དགའ་ལྡན་གནས་ནས་འཕོས་ཏེ། གླང་པོ་ཆེའི་ཕྲུ་གུ་ཐལ་དཀར་མཆེ་བ་དྲུག་ལྡན་གྱི་རྣམ་པའི་ཚུལ་དུ་ཡུམ་གྱི་ལྷུམས་སུ་ཞུགས་པ་དང་། ཤཱཀྱའི་ཁྱེའུ་སྟོང་ཕྲག་དུ་མ་དང་ལྷན་དུ་བཟོ་དང་རིག་པའི་གནས་ལ་མཁས་པར་བསྟན་པ་དང་། ཤཱཀྱ་ལག་ན་བེ་ཅོན་ཅན་གྱི་བུ་མོ་ས་འཚོ་མས་གཙོས་བཙུན་མོའི་འཁོར་དུ་རོལ་ཏེ། རྒྱལ་སྲིད་བསྐྱངས་པའི་མཛད་པ་མཛད་དེ་དགུང་ལོ་ཉེར་དགུ་བར་བཞུགས་པ་དང་། སངས་རྒྱས་ནས་སླར་ཡང་ཡབ་སྲས་མཇལ་བ་སོགས་ཀྱི་མཛད་པ་བསྟན་པའི་གནས་བྱིན་རླབས་ཅན་དེ་ཡིན།
སྔོན་སེར་སྐྱའི་གྲོང་དང་ཕོ་བྲང་སོགས་ཇི་ལྟར་ཆགས་ཚུན་ནི། བསྐལ་པ་སྔོན་མ་ནས་མང་པོས་བཀུར་བའི་རྒྱལ་རྒྱུད་ལྔ་ཁྲི་ལྔ་སྟོང་ལྷག་བྱུང་བའི་ནང་ནས་བུ་རམ་ཤིང་པའི་རྒྱལ་བརྒྱུད་ཉིས་སྟོང་ལྔ་བརྒྱ་བྱུང་བ་ན་རྒྱལ་པོ་འཕགས་སྐྱེས་པོ་བྱུང་། དེའི་བཙུན་མོ་ཆེ་བ་ལ་སྲས་བཞི་དང་། ཆུང་བ་ལ་སྲས་མོ་བཞི་བྱུང་། ཕྱིས་སུ་བཙུན་མོ་གྲོངས་ནས། ཡབ་རྒྱལ་པོས་ཕ་ཪོལ་རྒྱལ་པོའི་བུ་མོ་ཞིག་བཙུན་མོར་བླངས། དེ་ལ་སྲས་དགའ་བོ་བྱུང་བ་དང་། བཙུན་མོ་དེའི་ཡབ་རྒྱལ་པོ་དང་བློན་པོ་རྣམས་གྲོས་བྱས་ནས། ཕུ་བོ་རྣམས་ལ་རྒྱལ་སྲིད་མི་དབང་ཞེས། རྒྱལ་སྲིད་དགའ་བོ་ལ་གཏད་པ་དང་། བློན་པོ་གཡོ་ཅན་རྣམས་ཀྱིས་ཕྲ་མ་བཅུག་ནས་ཕུ་བོ་དང་སྲས་སྲིང་མོ་རྣམས་གཞན་དུ་སྤྱུགས་པ་ན། ཕུ་བོ་ཆེ་བ་རྒྱལ་སྲས་རྐང་གདུབ་ཀྱིས་མིང་སྲིང་ཆུང་བ་རྣམས་ཁྲིད་དེ། ཆུ་བོ་སྐལ་ལྡན་ཤིང་རྟའམ། བྷ་ན་གངྒཱ་ཡི་ཉེ་འགྲམ་གྱི་ནགས་ཁྲོད་དུ་རྩྭ་ཡི་སྤྱིལ་བུ་ནང་དུ་བཞུགས་པ་དང་། ཕྱིས་སུ་མིང་སྲིང་རྣམས་ལང་ཚོ་རྒྱས་སྐབས། དྲང་སྲོང་སེར་སྐྱས་མཐོང་ནས། ཁྱེད་རྣམས་རང་གི་ཡབ་ཀྱིས་རྒྱལ་སྲིད་སྤངས་པ་ཡིན་པས། སྲས་མིང་སྲིང་རྣམས་ཕན་ཚུན་བཟའ་མི་བྱེད་ཆོག་ཅེས་གསུངས་པས། དྲང་སྲོང་གི་གསུང་བདེན་པ་ཡིན་པས། ཡིད་ཆེས་བྱས་ཏེ་མིང་སྲིང་ཕན་ཚུན་བཟའ་མི་བྱས་པའི་བུ་དང་བུ་མོ་མང་པོ་བྱུང་བ་དང་། སྲས་ཆེ་བ་རྒྱལ་པོ་རྐང་གདུབ་ཀྱིས། དྲང་སྲོང་སེར་སྐྱ་ལ་ཤིང་ནགས་ཀྱི་ཚལ་ཆེན་པོ་འདིར་ཕོ་བྲང་ཞིག་འདེབས་ཆོག་པར་ཞུས་པས། དྲང་སྲོང་གི་ཕོ་བྲང་འདེབས་ཆོག་པའི་གནང་བ་ཐོབ་སྟེ་ཕོ་བྲང་བཞེངས་པ་དང་། རྒྱལ་བུ་རྐང་གདུབ་ཀྱི་མཚན་ལ་ཀཔི་ལ་མུ་ནི་དང་ཕྱིས་སུ་གྲོང་ཁྱེར་གྱི་མིང་ལ་ཀ་པི་ལ་ཝསྟུ ཤཱཀྱ་ཞེས་པའི་རྒྱལ་རྒྱུད་ཀྱི་མཚན་ཐོག་མ་འདི་ནས་ཆགས་པ་དང༌། རྒྱལ་བུ་རྐང་གདུབ་ཅན་ནས་སྲས་སྒྲ་གཅན་འཛིན་བར་ཤཱཀྱའི་རྒྱལ་རྒྱུད་རྣམས་ཀྱི་རྒྱལ་ས་དང་ཕོ་བྲང་ཡང་གནས་དེར་ཡོད། གཞོན་ནུ་དོན་གྲུབ་ཁབ་ཏུ་ཞུགས་དུས་སུ་ཤཱཀྱའི་མི་ལྔ་འབུམ་ཡོད་པ་དང་། བློན་པོ་ལྔ་བརྒྱ་ཡོད་པར་གླེང་། ཕྱིས་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱི་བུ་འཕགས་སྐྱེས་དང་། བློན་པོ་གཉིས་ཀྱིས་གྲོང་ཁྱེར་སེར་སྐྱ་ལ་དམག་སྔ་ཕྱི་ལན་གསུམ་དྲངས་པའི་མཐར་ཤཱཀྱའི་རིགས་བདུན་སྟོང་བདུན་བརྒྱ་བསད། གྲོང་ཁྱེར་ཡོངས་རྫོངས་དམག་གིས་བཅོམ་པར་གྲགས་སོ།།
སེར་སྐྱའི་གྲོང་ཞེས་པ་ནི་སྔོན་དྲང་སྲོང་སེར་སྐྱ་བཞུགས་པའི་ནགས་ཚལ་དུ་གྲོང་ཆགས་པས་ན། སེར་སྐྱའི་གྲོང་ཞེས་ཐོགས་པ་དང་། གྲོང་ཁྱེར་དེ་དང་ཤཱཀྱའི་ཕོ་བྲང་གི་ཞིག་ཤུལ་ནི། ལུམ་བཱི་ནི་ནས་ཀི་ལོ་མི་ཊར ༢༧ ཙམ་གྱི་སར་ཆུ་བོ་སྐལ་ལྡན་ཤིང་རྟ་འམ། བྷན་གངྒཱའི་ཉེ་འགྲམ་ཏི་ལེ་ར་ཀོཊ་ཟེར་བའི་ས་གནས་སུ་ཡོད། ཡུལ་སྐད་དུ། ཀཱ་པཱིལ་ཝསྟུ་ (Kapilavastu) ཞེས་པ་སེར་སྐྱའི་གྲོང་དང་། དེང་སང་ཕོ་བྲང་གི་ཤུལ་ཡོད་ས་དེའི་མིང་ལ་ཏི་ལོ་ར་ཀོ་ཊི་ཟེར། བཙུན་པ་ཐང་སན་ཙང་གནས་དེར་ཕེབས་སྐབས་ཀྱི་ལམ་ཡིག་ཏུ། དེ་ནས་ཤར་ལྷོའི་མཚམས་སུ་རྒྱང་གྲགས་ལྔ་བརྒྱ་ཕྱིན་པ་ན། སེར་ཀི་སིལ་ཝའི་ཡུལ་ཡོད། དེའི་ཐ་གྲུ་ལེ་བར་བཞི་སྟོང་ལྷག་པའི་ནང་གྲོང་ཁྱེར་སྟོང་པ་བཅུ་ཕྲག་དུ་མ་ཡོད།
རྒྱལ་པོའི་ཕོ་བྲང་ཡང་ཧ་ཅང་གི་རྙིང་ཆེ་བས་མི་ཁྱིམ་ཡང་མེད། གང་དང་གང་ཡིན་གནས་ཚུལ་གྱི་རྟགས་ཙམ་ཡང་མི་གནས། ཐུན་མོང་ལ་དབང་བའི་རྒྱལ་པོ་མེད་ཅིང་། གྲོང་ཁྱེར་སིལ་བུ་རྣམས་ལ་བདག་པོ་སིལ་བུ་རྣམས་འདུག་ཅེས་དང་། ཕོ་བྲང་གི་ལྟེ་བར་ལྷུམས་སུ་ཞུགས་པར་མཆོད་རྟེན་གྱི་ཤུལ་བཅས་དང་། རྒྱལ་པོ་ཟས་གཙང་གི་སྐུ་བརྙན། དེ་དང་ཉེ་བར་ཡུམ་སྒྱུ་འཕྲུལ་ཆེན་མོའི་སྐུ་བརྙན་མ་ཧཱ་ཛོ་གི་ནིར་གྲགས་པ་དང་། གྲོང་ཁྱེར་གྱི་སྒོ་བཞིར་གཞོན་ནུ་དོན་གྲུབ་ཀྱི་སྐུ་རེ་དང་། སྐྱེ་རྒ་ན་འཆི་བའི་སྡུག་བསྔལ་གྱིས་མནར་བ་དང་། དགེ་སློང་གི་རྣམ་པ་དང་། གྲོང་ཁྱེར་གྱི་ནུབ་བྱང་དུ་རྒྱལ་པོ་འཕགས་སྐྱེས་ཀྱིས། ཤཱཀྱ་རྣམས་བསད་པའི་གནས་དང་། དེ་དག་གི་རུས་པ་བཅུག་པའི་མཆོད་རྟེན་བརྒྱ་སྟོང་མང་པོ་དང་། གཞོན་ནུ་དོན་གྲུབ་ཀྱིས་གཞོན་ནུའི་རོལ་རྩེད་ཀྱི་མཛད་པ་བསྟན་པའི་ཤུལ་སོགས་ཡོད་པར་གསུངས་ཤིང་།
ནེ་པཱ་ལའི་གནས་ཡིག་དངུལ་དཀར་མེ་ལོང་དུ། ཕོ་བྲང་དེ་ས་ཡི་རྒྱ་ཁྱོན་ནི། ཤར་སྒོ་ནས་ནུབ་སྒོ་བར་ཞེང་ལ་མི་ཊར ༣༠༥ དང་། བྱང་ཕྱོགས་ནས་ལྷོ་སྒོ་བར་དཀྱུས་ལ་མི་ཊར་ ༤༨༧ ཡོད་པ་དང་། དེང་སངས་ཕོ་བྲང་ནང་ཡུམ་སྒྱུ་འཕྲུལ་མའི་ལྷ་ཁང་དང་། ཡབ་སྲས་དཀའ་སྤྱད་གནང་སའི་གནས། ཡབ་སྲས་སྐུ་ཁྲུས་གསོལ་སའི་ཁྲོན་པ་ཆེ་ཆུང་གཉིས་མཇལ་རྒྱུ་ཡོད་པ་དང་། སེར་སྐྱའི་ཕོ་བྲང་གི་བྱང་ཀི་ལོ་མི་ཊར་གཅིག་གི་སར་ཡུ་གལ་ཨིསྟུཔ་ཞེས་པར་མཆོད་རྟེན་ཆེ་ཆུང་གཉིས་ཡོད་པ་དང་། དེ་གཉིས་བལ་པོའི་མཁས་པ་ཚོས་བཤད་སྲོལ་ལ། མཆོད་རྟེན་ཆེ་བ་དེ་ཡབ་ཟས་གཙང་གི་སྐུ་གདུང་དང་། ཆུང་བ་དེ་ཡུམ་སྒྱུ་འཕྲུལ་མའི་སྐུ་གདུང་དུ་བཞེངས་པར་བཤད་ཀྱིན་ཡོད་པ་རེད་ཅེས་གསལ།