ཚངས་དབང་བརྒྱ་བྱིན་ལ་སོགས་ལྷ་རྣམས་དུ་མ་ཡིས།།
གསེར་གྱི་འཁོར་ལོ་རྩིབས་སྟོང་ཕུལ་ཏེ་གསོལ་བ་བཞིན།།
ཝཱ་རཱ་ཎ་སཱི་དྲང་སྲོང་སྲོང་ལྷུང་བའི་གནས་མཆོག་ཏུ།།
བདེན་བཞིའི་ཆོས་འཁོར་སྐོར་བར་མཛད་ལ་ཕྱག་འཚལ་ལོ།།
ཞེས་གནས་ཆེན་བཞིའི་ཡ་གྱལ་ཝཱ་རཱ་ཎཱ་སཱི་ནི་ (Sarnath) ནི། སྟོན་པ་མཆོག་སངས་རྒྱས་པའི་མཛད་པ་བསྟན་ནས་ཐུགས་ལ།
ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས།།
བདུད་རྩི་ལྟ་བུའི་ཆོས་ཤིག་ཁོ་བོར་རྙེད།།
སུ་ལ་བསྟན་ཀྱང་གོ་བར་མི་ནུས་པས།།
མི་སྨྲ་ནགས་ཀྱི་འདབས་སུ་གནས་པར་བྱ།།
ཞེས་དེ་ལྟར་ཐུགས་ལ་དགོངས་ནས་ཞག་བདུན་བདུན་བཞི་བཅུ་ཞེ་དགུའི་རིང་ཆོས་མ་གསུངས་པར་ཚོང་དཔོན་ག་གོན་དང་བཟང་པོ་སོགས་ཀྱིས་མཆོད་ཅིང་བཞུགས་པ་ན། མི་མཇེད་འཇིག་རྟེན་གྱི་བདག་པོ་ཚངས་པ་ཆེན་པོས། གསེར་གྱི་འཁོར་ལོ་རྩིབས་སྟོང་དང་ལྡན་པ་ཕུལ་ནས་ཆོས་ཀྱི་འཁོར་ལོ་བསྐོར་བར་གསོལ་བ་བཏབ་པ་ཞལ་གྱིས་བཞེས་ཏེ། ཝཱ་རཱ་ཎ་སཱིར་དྲང་སྲོང་ལྷུང་བ་རི་དྭགས་ཀྱི་ནགས་སུ་བྱོན་ཏེ། བོད་ཟླ་དྲུག་པའི་ཚེས་བཞི་ཉིན། འཁོར་ལྔ་སྡེ་བཟང་པོ་ལ་སྐབས་དང་པོ་བདེན་བཞིའི་ཆོས་འཁོར་བསྐོར་བས། ཀུན་ཤེས་ཀཽའུ་དི་ན་ཡ་ལ་དགྲ་བཅོམ་པ་ཐོབ། རྟ་ཐུལ་དང༌། རླངས་པ། མིང་ཆེན། བཟང་ལྡན་བཅས་ཀྱིས་བདེན་པ་མངོན་སུམ་མཐོང་བ་སོགས་ཀྱི་ལོ་རྒྱུས་ཡོད་པའི་གནས་ངོ་མཚར་ཅན་དེ་ཡིན་ནོ།།