རིན་ཆེན་ཤིང་རྟའི་སྟེང་དུ་ཕྱོགས་བཞིར་ཕེབས་པའི་ཚེ།།
འཁོར་བའི་བྱ་བ་སྙིང་པོ་མེད་པར་ལེགས་གཟིགས་ཏེ།།
སེར་སྐྱའི་གྲོང་ནས་གཤེགས་ཏེ་མཆོད་རྟེན་རྣམ་དག་དྲུང་།།
ཉིད་ལས་རབ་ཏུ་བྱུང་བར་མཛད་ལ་ཕྱག་འཚལ་ལོ།།
ཞེས་མཆོད་རྟེན་རྣམ་དག་དྲུང་ནི། སྟོན་པ་ཐུགས་རྗེ་ཅན་སྐུ་བལྟམས་ནས། བཟོ་ཡི་གནས་ལ་མཁས་པར་སྟོན་པའི་མཛད་པ་དང་། བཙུན་མོའི་འཁོར་དུ་རོལ་བའི་མཛད་པ་སོགས་བསྟན་ནས་དགུང་ལོ་ཉེར་དགུ་བར་ཁབ་ཏུ་བཞུགས་པ་དང་། དེ་ནས་གཞོན་ནུ་དོན་གྲུབ་འཁོར་བ་ལ་ངེས་འབྱུང་སྐྱེས་ཏེ། རབ་ཏུ་འབྱུང་ཕྱིར་སེར་སྐྱའི་གྲོང་ནས་རྟ་བསྔགས་ལྡན་ཞེས་པར་ཆིབས་ཏེ། གྱད་ཀྱི་ཡུལ་ལས་འདས་ནས་དབེན་པའི་ནགས་ཚལ། མཆོད་རྟེན་རྣམ་དག་གི་དྲུང་དུ་རང་ཉིད་ཀྱི་དབུ་སྐྲ་རང་ཉིད་ཀྱི་རལ་གྲིས་བཅད་དེ་རབ་ཏུ་བྱུང༌བའི་གནས་ངོ་མཚར་ཅན་དེ་ཡིན་ནོ།།
མཆོད་རྟེན་རྣམ་དག་དྲུང་ལ། ཡུལ་སྐད་དུ་ཀེ་ས་རི་ཡ་ (Boddh.Stupa.kesariya) ཟེར། དེའི་དོན་དབུ་སྐྲ་བསལ་བ་ལྟ་བུར་གོ་ཞིང་། ཡིག་ཐོག་ཏུ་བཀོད་པ་ཞིག་ན། དེ་ནས་རྒྱང་གྲགས་གཉིས་ན། རྒྱལ་སྲས་རབ་ཏུ་བྱུང་བའི་གནས་དེ་ན། མཆོད་རྟེན་སྒོ་མང་དབྱིབས་ཅན་བང་རིམ་གསུམ། ཀུན་ཀྱང་ཆུ་ཞེང་མཉམ་སྟེ་འདོམ་དྲུག་འཁོར། ལོགས་གསུམ་ཐུབ་པའི་རྡོ་སྐུ་འཛུགས་རེ་བ། ནུབ་ཀྱི་བུ་གར་མི་གཅིག་ཤོང་བའི་ནང་། རྡོ་ལེབ་ངོས་ལ་གནས་བརྒྱད་འབུར་དུ་གཏོད། དབུས་ཀྱི་ཐུབ་དབང་མཐོ་རྒྱང་གང་ཙམ་ཉིད། བུམ་པ་བུམ་དཀྲིས་གཉིས་ལ་འདོམས་བཞིས་འཁོར། བྲེ་ལ་ལོགས་ཆུང་གསུམ་གསུམ་བཅུ་གཉིས་ལོགས། འཁོར་ལོ་བཅུ་གསུམ་ཏོག་དང་བཅས་པ་ཡི། ཉེ་འཁོར་མཆོད་རྟེན་སུམ་ཅུ་ལྷག་གིས་འཁོར། ཤར་ཕྱོགས་གྷན་དྷོ་ལི་གསུམ་སྤྱན་རས་གཟིགས། འཁྱམས་གཉིས་མགྲོན་པོའི་ཞག་མལ་གནས་སུ་གདའ། ཞེས་སྔོན་གྱི་ལོ་རྒྱུས་དང་། དེང་སང་མཆོད་རྟེན་ཞིག་རལ་གྱི་རྣམ་པ་གཉིས་འདྲ་བས། མཆོད་རྟེན་རྣམ་དག་དྲུང་ནི་གོང་གི་ཀེ་ས་རི་ཡ་ཞེས་པ་དེ་ཡིན་པ་གོར་མ་ཆག་ཅིང་། མཆོད་རྟེན་རྣམ་དག་གྲོང་ནས་སྤྱི་ལེ་ ༧༡ གི་སར་བྷེ་ཊྷི་ཞེས་པ། སྔོན་ལུས་འཕགས་ཀྱི་ཡུལ་ཡིན། སྟོན་པ་མཆོག་གནས་དེར་ཕེབས་བཞུགས་མཛད་པ་དང་། རྒྱལ་པོ་མ་སྐྱེས་དགྲའི་ཨ་མ་ཡང་དེ་ནས་ཡིན་པར་བཤད། མཆོད་རྟེན་རྣམ་དག་གྲོང་ནི། བྷི་ཧཱར་མངའ་སྡེའི་ཁོངས་གཏོགས་དང་། གྲོང་ཁྱེར་པ་ཊ་ནཱ་ (PATNA) ནས་སྤྱི་ལེ་ ༡༡༦ དང་། ཡངས་པ་ཅན་ནས་སྤྱི་ལེ་ ༥༩ སར་ཡོད་དོ།།