༄༅། །ཡིད་འོང་བཀྲ་ཤིས་ལུམ་བི་ནི་ཡི་སྐྱེད་ཚལ་དུ།།
ཤཱ་ཀྱའི་སྲས་མཆོག་ངོ་མཚར་དུ་མའི་རྟགས་དང་བཅས།།
མངལ་གནས་དྲི་མས་མ་གོས་རྒྱལ་སྲས་མཚན་ལྡན་ཞིག།
ཡུམ་གྱི་ལྷུམས་ནས་བལྟམས་པར་མཛད་ལ་ཕྱག་འཚལ་ལོ།།
ཞེས་ལུམྦི་ནི་ཞེས་པ་ནི་ནང་པ་སངས་རྒྱས་པའི་གནས་ཆེན་བཞིའི་ཡ་གྱལ་བདག་ཅག་གི་སྟོན་པ་མཆོག་སྐུ་བལྟམས་པའི་གནས་ཆེན་དང་། ཡུམ་སྒྱུ་འཕྲུལ་ཆེན་མོའི་ཡབ་ལེགས་པ་རབ་སད་ལ་ལུམ་བི་ནིའི་ཚལ་ཞེས་བྱ་བའི་སྐྱེད་མོས་ཚལ་ཞིག་ཡོད་པ་འདུལ་བ་གཞི་ལས་གསུངས་པ་དང་། ཡུམ་སྒྱུ་འཕྲུལ་ཆེན་མོར་སྲས་སྐུ་བལྟམས་ལ་ཉེ་བ་ན། སྐྱེད་མོས་ཚལ་དུ་ཕེབས་བཞུགས་བྱ་དགོས་སྙམ་པ་ན། རྒྱལ་པོ་ཟས་གཙང་གིས་ལེགས་པ་རབ་སད་ལ་སྐྱེད་མོས་ཚལ་དེ་བྱི་དོར་བྱ་དགོས་པའི་ཡི་གེ་སྤྲིངས་པ་དང་། དེ་བཞིན་བྱི་དོར་བྱས་ཏེ། བཙུན་མོའི་འཁོར་ཚོགས་རྣམས་གནས་དེར་ཕེབས་པ་དང་། ཡུམ་སྒྱུ་འཕྲུལ་མས་མྱ་ངན་མེད་པའི་ཤིང་གི་ཡལ་ག་ལ་ཕྱག་གིས་འཆང་བའི་ཚུལ་གྱིས་གཞོན་ནུ་དོན་གྲུབ་སྐུ་བལྟམས་སོ།།
སྐུ་བལྟམས་མ་ཐག་ཏུ་ཕྱོགས་བཞིར་གོམ་པ་བདུན་བདུན་བོར་ཏེ། ང་ནི་འཇིག་རྟེན་འདི་ན་མཆོག་ཉིད་ཡིན་ཞེས་སོགས་གསུངས་པའི་གནས་ཆེན་ངོ་མཚར་ཅན་དེ་ཡིན་པར་མ་ཟད། གནས་དེར་སངས་རྒྱས་ཀྱི་ཡུམ་སྒྱུ་འཕྲུལ་མའི་ལྷ་ཁང་དང་། བྱང་ཆུབ་ལྗོན་ཤིང་། སྐུ་བརྙན་བྱིན་ཅན་ཅིག་དང་། རྒྱལ་པོ་མྱ་ངན་མེད་ཁྲི་ལ་འཁོད་ནས་ལོ་ཉེར་གཅིག་པར་གནས་དེར་ཕེབས་ཏེ་བསླངས་པའི་རྡོ་རིང་དང་། རྡོ་རིང་དེའི་ངོས་སུ་གནས་འདིར་སངས་རྒྱས་འཁྲུངས་སོ་ཞེས་ཡི་གེ་བཀོད་པ་གསལ་པོ་ཡོད་པ་དང་། གཞན་ཡང་ཆུ་རྫིང་དང་། ཉེ་འདབས་སུ་གཙུག་ལག་ཁང་རྙིང་པའི་ཤུལ་མང་པོ་ཡོད་པ། པར་རིས་སུ་གསལ་བ་ལྟར་མཇལ་རྒྱུ་ཡོད་པ་དང་། ཕྱི་ལོ ༡༩༩༥ ལོར་ཉི་ཧོང་གི་གནའ་རྫས་ཞིབ་དཔྱོད་ཚོགས་པས། ས་འོག་ནས་རྙེད་པ་སྟོན་པའི་ཕྱག་མཛུབ་གནམ་ལ་ཀེར་བའི་སྐུ་བརྙན་གཅིག་དང་། གཞོན་ནུ་དོན་གྲུབ་དང་བཙུན་མོ་གྲགས་འཛིན་མ་ལྷན་དུ་བཞུགས་པའི་རྫ་སྐུ་གཅིག་དང་། རྡོ་རིང་ཆེན་པོ་ཞིག་བཅས་རྙེད་པ་མཇལ་རྒྱུ་ཡོད་པ་རེད། ལུམྦི་ནི་ལ་ད་ལྟ་གོང་དང་འདྲ་བའི་གནའ་དུས་ཀྱི་དགོན་ཤུལ་ཧ་ཅང་མང་པོ་ཡོད་པ་དང་། མཆོད་རྟེན་སོགས་ཀྱི་ཞིག་ཤུལ་མང་པོ་འདུག་ཅིང་། ལུམྦི་ནི་ (Lumbini)ཞེས་པའི་གནས་དེ་ནི། རྒྱ་གར་དང་བལ་ཡུལ་གཉིས་ཀྱི་ས་མཚམས་སུ་ནཽ་ལི་ (Sunauli) ནས་སྤྱི་ལེའམ་ (Kilometer) ཀི་ལོ་མི་ཊར་ ༢༧ གྱི་སར། དེང་སང་བལ་ཡུལ་གྱི་ས་ཁོངས་རུ་པན་ཏིའི་རྫོང་སྡེ་ཝེར་མ་ཞེས་པའི་གྲོང་ནས་སྤྱི་ལེའམ་ཀི་ལོ་མི་ཊར ༢༥ སར་ཡོད་ཅིང་། བདག་ནི་ཆུ་འབྲུག་ཕྱི་ལོ ༢༠༡༢ ཟླ ༡ ནང་རྡོ་རྗེ་གདན་ནས་ཝཱ་ཪཱ་ཎ་སཱི་དང་། དེ་ནས་རྩཱ་མཆོག་གྲོང་དང་། སུ་ནཽ་ལི་ནས་གནས་ཆེན་དེ་མཇལ་བར་ཕྱིན་པ་དང་། ཞོར་དུ་གོང་གི་པར་དག་བླངས་ནས། ད་ལྟ་དེབ་ངོས་སུ་འབྲི་འགོད་བྱས་པ་ཡིན་ནོ།།