ཡུམ་གྱི་དྲིན་ལན་གསབ་ཕྱིར་སུམ་ཅུ་རྩ་གསུམ་ན།།
དབྱར་གནས་མཛད་དེ་ལྷ་ཡི་འཁོར་ཚོགས་དཔག་མེད་ལ།།
ཆོས་ཀྱི་འཁོར་ལོ་བསྐོར་ཏེ་ལྷ་ཡི་གནས་མཆོག་ནས།།
སླར་ཡང་མི་ཡུལ་ཕེབས་པར་མཛད་ལ་ཕྱག་འཚལ་ལོ།།
ཞེས་སྟོན་པ་མཆོག་ལྷ་ལས་བབས་པའི་གནས་གྲོང་ཁྱེར་གསལ་ལྡན་ནམ་སཱིན་ཀཱི་སཱི་(Sankisa)ཞེས་པ་ནི། བཅོམ་ལྡན་འདས་དགུང་ལོ་བཞི་བཅུ་ཞེ་གཅིག་ལ་ཕེབས་པ་ལྕགས་ཕོ་བྱི་བའི་ལོར་ཡུམ་སྒྱུ་མ་ལྷ་མཛེས་དང་ལྷ་རྣམས་རྗེས་སུ་བཟུང་བའི་ཕྱིར། སུམ་ཅུ་རྩ་གསུམ་ཆོས་བཟང་ལྷའི་མདུན་སར་ཕེབས་ཏེ་དབྱར་གཅིག་བཞུགས་ནས། སྟོན་ཟླ་འབྲིང་པོའི་ཚེས་ཉི་ཤུ་གཉིས་ལ་བཅོམ་ལྡན་འདས་ལྷ་ཡུལ་ནས་སླར་མི་ཡུལ་དུ་ཕེབས་པའི་གནས་ཡིན་ལ། སྔོན་བཙུན་པ་ཐང་ཟན་གྱིས་གཟིགས་པའི་ཆོས་རྒྱལ་མྱ་ངན་མེད་ཀྱི་རྡོ་རིང་གླང་ཆེན་གྱི་གཟུགས་ཀྱི་ཏོག་ཅན་ཡོད་པར་གསུངས་པ་བཞིན། ད་ལྟ་ཡང་རྡོ་རིང་དེ་ཡོད་པ་དང་། གཞན་མཆོད་རྟེན་ཞིག་རལ་ཞིག་དང་། དགོན་ཤུལ་སོགས་མཇལ་རྒྱུ་ཡོད་པ་རེད། གནས་དེ་ནི་ཨུ་ཏྟར་པྲ་དེ་ཤའི་ (Uttar pradesh) མངའ་ཁོངས་སཱིན་ཀཱི་སཱི་ (Sankisa) ཞེས་པར་ཡོད་པ་དང་། ལྡི་ལི་བརྒྱུད་ཨཱག་རཱ་ (Agra) ནས་ཕྱིན་ན་ཀི་ལོ་མི་ཊར་ ༡༦༥ ཡོད། ཨཱག་རཱ་ལ་ཏཱ་ཇ་མ་ཧལ་ཞེས་པའི་རོ་ཁང་སྐད་གྲགས་ཅན་ཡོད་པ་རེད།