༄༅།།བོད་ཟླ་༡ཚེས་༡༥ཉིན།སྔོན་འཕགས་ཡུལ་མཉན་ཡོད་དུ་སྟོན་པ་ཐུགས་རྗེ་ཅན་གྱིས་མུ་སྟེགས་སྟོན་པ་དྲུག་ཆོ་འཕྲུལ་གྱིས་ཚར་བཅད་པའི་དུས་ཆེན་དངོས་གཞིའི་ཉི་མར་བརྟེན་སྔ་ཆར་འཁྱམས་ར་ཆེན་མོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཞུགས་ཁྲིར་ཞབས་བཀོད་བཀྲིན་ཆེ་སྟེ་གསོ་སྦྱོང་བསྐྱངས།དེ་ནས་ཞོགས་ཚོགས་གྲོལ་ཏེ་གསུང་རར་ཆིབས་བསྒྱུར་གྱིས་གདན་གསུམ་མཁན་པོ་བླ་སྤྲུལ་དང་།གཞུང་ཞབས་སེར་སྐྱ།དགེ་འདུན་ཚོགས་ཡོངས་བཅས་ལ་ཟབ་རྒྱས་ཆོས་ཀྱི་འཁོར་ལོ་སྩལ་སྐབས་རྨེ་རྙིང་ལྕོག་ནས་གནས་ཆུང་ཆོས་རྒྱལ་ཆེན་པོ་བསྟེན་གཞིར་སྤྱན་འདྲེན་མཛད་དེ།ནུབ་མའི་ཁང་པ་བརྒྱུད་བར་སྐོར་ལྷོ་རྒྱུད་ནས་གསུང་རར་ཕེབས།༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་མདུན་དུ་ཆོས་རྒྱལ་ཆེན་པོས་གུས་འདུད་པད་འབུལ་རྟེན་འགྱོགས་མཛད་ནས་ཕྱིར་ཕེབས་ལམ་ཞོར་རུང་ཁང་ཆེན་མོར་རབ་གནས་མཛད།སྐབས་འགར་གློ་བུར་གནས་གཟིགས་སུ་ཕེབས་ནས་རྨེ་རྙིང་དུ་ཕྱིར་ཕེབས་པ་དང་།༸གོང་ས་མཆོག་ཆིབས་བསྒྱུར་མེད་པར་དགའ་ལྡན་ཁྲི་རིན་པོ་ཆེ་གསུང་རར་ཕེབས་སྐབས་ཀྱང་ཆོས་སྐྱོང་གི་མཛད་རིམ་དེ་ལྟར་ཐོག་གསུང་རར་རྩེའི་སྐུ་ཚབ་ནས་ཐུགས་སྨོན་སྒྲོན་དར་བཅས་གནང་ལམ་ཡོད།དེ་ནས་དགུང་ཚིགས་གྲོལ་རྗེས་འཁྱམས་རར་གདན་གཉེར་ནས་བཞུགས་ཁྲི་སྒྲོན་རྒྱབ་ཐོག་༸གོང་ས་མཆོག་ཆིབས་བསྒྱུར་གྱིས་བཞུགས་ཞབས་འཁོད།རྒྱལ་སྤྲུལ་སོགས་ཀྱི་སྤྲུལ་སྐུ་ཆེ་འབྲིང་ཡོངས་རྫོགས་དང།མཁན་བླ།གཞུང་ཞབས་སེར་སྐྱ།འབྲས་ཚོགས་ཆེན་དབུ་མཛད་དང་།གྲྭ་ཚང་བཞིའི་དབུ་མཛད།ཆོས་དབྱངས་པ་དང་།གདན་གསུམ་དགེ་འདུན་སྐད་བཟང་པ་ཚོ་འདུས་བཅས་བཅར་ཏེ་སྐམ་ཚོགས་སྨོན་ལམ་ཆེན་མོའི་མཆོད་འབུལ་དང་།ཞལ་འདོན་ལྗགས་བསྔོ་བཅས་རྒྱས་པར་བསྐྱངས།དེ་ནས་དགོང་ཇ་གྲོལ་མཚམས་བཅོ་ལྔ་མཆོད་པའི་མཆོད་གཟིགས་སུ་ཆིབས་བསྒྱུར་བཅས་ཡིན།