༄༅།། བོད་ཟླ་ ༦ ཚེས་ ༤ ཉིན་རྣམ་འདྲེན་ཟས་གཙང་སྲས་མངོན་སངས་རྒྱས་ཏེ་ཡུལ་ཝཱ་རཱ་ཎཱ་སིར་འཁོར་ལྔ་སྡེ་བཟང་པོར་བདེན་བཞིའི་ཆོས་འཁོར་དང་པོ་བསྐོར་བར་མཛད་པའི་དུས་ཆེན་ཉིན་གཞུང་གནས་ནས་ཡས་མས་གཙུག་ལག་ཁང་ཁག་ལ་མཆོད་སྤྲིན་སྣ་ལྔ་སྟོང་ཚར་རྒྱས་པ་དང་། ཐུགས་སྨོན་སྙན་ཤལ། ཕྱོགས་མཐའི་ལྷ་ཁང་ལའང་མཆོད་འབུལ། སྙན་ཤལ།མི་མང་རྣམས་ནས་རྩེ་ཕོ་བྲང་དང་། ལྷ་ལྡན་སྤྲུལ་པའི་གཙུག་ལག་ཁང་། ལྕགས་པོ་རི་སོགས་ལྷ་ས་ཁུལ་དང་། དེའི་ཉེ་སྐོར་ལྷ་ལུང་རི་ཁྲོད། དགོན་གསར་རྩེ་ཤོད། བྲག་རི་རི་ཁྲོད།ཇོག་པོ་རི་ཁྲོད། དགའ་རི་དགོན་པ། ཕ་བོང་ཁ། བཀྲིས་ཆོས་གླིང་། རྟག་བརྟན་རི་ཁྲོད། ཆུ་བཟང་རི་ཁྲོད། སེ་ར་རྩེ། སྒྲུབ་ཁང་རི་ཁྲོད། སེ་ར་ཆོས་སྡིང་། རག་ཁ་བྲགཀེའུ་ཚང་ཤར་ནུབ།ཕུར་ལྕོག་རི་ཁྲོད། སྤང་ལུང་རི་ཁྲོད། གནས་སྒོ་གདོང། མཁར་རྡོ་རི་ཁྲོད། རི་སྐྱ་བསམ་གཏན་གླིང་རི་ཁྲོད། མི་ཆུང་རི་ཁྲོད་སོགས་ལ་གནས་མཇལ་དུ་རྐང་ཐང་ལ་བསྐྱོད་དེ་དགོང་དྲོ་ལྷ་སར་ཕྱིར་ལོག་སྐབས་གཞོན་ནུ་མ་རྣམས་ཀྱིས་སེ་འབྲུའི་སྤ་ཕྲུག་གྱོན་པ་དང་། ཕྲེང་བ་འདོགས་པ།ལྗོན་ཤིང་གི་འཁར་བ་འཁྱེར་ཏེ་གཞས་རྣམ་ཐར་གཏོང་བཞིན་ཡོང་སྲོལ། ནང་མི་རྣམས་ནས་ལྷ་སའི་བྱང་རྒྱུད་གཤོངས་ཁ་གླིང་ཀ་དང་། ཀརྨ་དགོན་གསར། གྲ་ཕྱི་གླིང་ག་སོགས་ཕན་ཚུན་གླིང་གར་གུར་དང་། བྱ་གཡབ།ལེམ་ཐང་ཡོལ་བ་སོགས་གྲ་བསྒྲིགས་ཀྱི་ནང་གདན་ལྕོག་དང་ཁ་ལགཇ་ཆང་འཁྱེར་ཏེ་བསུ་བར་ཡོང་ནས་སྤྲོ་སྐྱིད་གཏོང་མི་མང་པོ་ཡོང་། དེའི་སྐབས་གནས་སྐོར་བ་ཕྱིར་ལོག་རྣམས་ལ་མི་ལྟད་བལྟ་མི་ཡང་ཇི་སྙེད་ཕྱིན་ཡོང་།།

keyboard_arrow_up