༄༅།།བོད་ཟླ་བདུན་པའི་ནང་།དབྱར་ཞལ་བཞེས་གྲུབ་པའི་དགའ་སྟོན་དང།སྐར་མ་རི་ཥི་ཤར་བའི་དུས་སུ་ཆབ་བཞེས་གནང་ན་སྐུ་གཟུགས་ལ་ཕན་པོ་ཡོད་པ་སྐར་རྩིས་ལས་བཤད་པ་བཞིན་ཆབ་བཞེས་སྐབས་གཞུང་ཞབས་སེར་སྐྱ་ཁོངས་གཏོགས་དང་བཅས་པར་གཟིམ་ཆུང་ཆབ་ཞུགས་ཀྱི་གསོལ་སྟོན་མདོ་སྦུག་ཁྱད་མེད་ཉིན་གྲངས་གསུམ་དང་།རྩེ་སྐོར་ལ་ཉིན་གྲངས་བདུན་བཅས་པར་ཉིན་ལྟར་གསོལ་ཚིགས་བཞེས་སྤྲོ་སོགས་རྒྱས་པར་ཕེབས།ཉིན་མཐའ་མར་ཕོ་བྲང་གི་གཟིགས་མཐོངས་སུ་བསང་བུམ་ཆེན་པོ་བསླངས་ཏེ་༸གོང་ས་ཆེན་པོ་མཆོག་དང།རྩེ་སྐོར་རྩེ་མགྲོན་ཡན་ལྷན་བཅར་བཅས་ནས་ཀི་བསྭོའི་ལྷ་རྒྱལ་གཏོང་གནང་མཛད་ཡོང་།དེ་བཞིན་བཀའ་ཤག་དང་།ཡིག་ཚང་སྤྲོ་ཆེན།རྩེ་ཤོད་ཕྱག་མཛོད།ལྷ་ཞོལ་གཉེར་མི་དཔོན་སོགས་ལས་ཁུངས་ཁག་གི་སྤྲོ་ཆེན།དགོན་སྡེ་སོ་སོའི་ཆབ་ཞུགས།བཟོ་ཞིང་།སྐྱིད་སྡུག་ཁག་གི་དབྱར་སྐྱིད་སོགས་ཉིན་མང་པོ་གཏོང་སྲོལ།ལས་ཁུངས་ཁག་གི་སྤྲོ་ཆེན་ལ་འབྲེལ་ཡོད་གཞུང་ཞབས་ལས་བྱེད་གཞན་དག་མགྲོན་འབོད་གནང་ཡོང་།།