དཔལ་ནཱ་ལེནྡཱ་ཞེས་པ་ནི། སྔོན་རྒྱ་གར་དུ་ནཱ་ལེནྡཱའི་གཙུག་ལག་ཁང་ཆེན་མོ། བི་ཀྲ་མ་ཤཱི་ལའི་གཙུག་ཁང་ཆེན་མོ། ཨོ་ཏནྟ་པུ་རིའི་གཙུག་ལག་ཁང་སོགས་གཙུག་ལག་ཁང་སྙན་གྲགས་ཅན་མང་པོ་ཡོད་པའི་ནང་གི་གཙོ་བོ་དང་། ནང་བསྟན་རིག་གནས་སློབ་གཉེར་བྱེད་སའི་ཤེས་ཡོན་གྱི་བསྟི་གནས་ཀྱི་ཆོས་སྡེ་ཆེན་པོ་ཞིག་ཡིན།
ཆོས་སྡེ་ཆེན་པོ་དེ་ནི། གནའ་དུས་རྒྱ་གར་གྱི་རྒྱལ་པོ་ཆེན་པོ་ལོ་ཛ་ཏེ་ཇི་སྟེ་འཇིག་རྟེན་ཉི་མ་ཞེས་པས་ས་གཞི་བཟང་པོ་ཞིག་བཙལ་ཏེ། གཙུག་ལག་ཁང་ཐོག་མར་དབུ་བཙུགས་པ་དང་། དེ་ནས་རྒྱལ་པོ་དེའི་བུ་བུདྡྷ་གུཔྟ་སྟེ་སངས་རྒྱས་སྦས་པས་རྒྱལ་སྲིད་བསྐྱངས་ཤིང་། ཤུལ་འཛིན་ཚ་བོ་ཏ་ཐཱ་ག་ཏ་གུཔྟ་སྟེ་དེ་བཞིན་གཤེགས་པ་སྦས་པས། གཙུག་ལག་ཁང་དང་རྭ་བ་ཞིག་རལ་རྣམས་ལེགས་གསོ་བྱས། དེའི་རྒྱལ་པོ་ཕྱི་མ་བྷུ་རཱ་ཏེ་ཛ་སྟེ་སྒྱུ་མའི་ཉི་མ་ཞེས་བྱ་བས་ནཱལནྡཱ་ཤར་ངོས་དང་། བྱང་ཤར་ཕྱོགས་སུ་གཙུག་ལག་ཁང་རེ་རྫོགས་པར་བཞེངས་པར་གསལ་ཞིང་། ད་ལྟ་ནཱ་ལེནྡཱ་རུ་སྔོན་གྱི་བྱུང་རབས་ལོ་རྒྱུས་ཡི་གེ་རྡོ་བརྐོས་ཤིག་འདུག་པ་དེའི་ངོས་སུ་ཕྱི་ལོ་ ༤༡༣ ནས ༤༥༥བར་གུཔྟའི་རྒྱལ་རྒྱུད་ཀུ་མཱ་ར་གུཔྟས་(Kumara Gupta) བཞེངས་པ་དང་། དེ་ནས་དུས་རབས་དྲུག་པའི་ནང་ཀཱནྣཽ་ཛ་(Kannauj) ཞེས་པས་མཐུན་སྦྱོར་རྒྱ་བསྐྱེད་ཆེན་པོ་གནང་བ་དང་། དུས་རབས་བརྒྱད་པ་ནས་བཅུ་གཉིས་བར་པཱ་ལཱའི་རྒྱལ་རྒྱུད་ (Pala Kings) རྣམས་ཀྱིས་མཐུན་སྦྱོར་རྒྱ་བསྐྱེད་གནང་བ་དང་། དེ་ནས་ཕྱི་ལོ ༡༢༠༠ ལོར་ཁ་ཆེའི་རྒྱལ་པོ་ཁིལ་ཇི་ (Khilj) ཞེས་པས་གཏོར་བཅོམ་བྱས་ཚུལ་བཀོད་འདུག སྔོན་ལ་ནཱ་ལེནྡཱ་དབུ་རྩེ་ཆེན་པོ་བདུན་དབུས་སུ་བསྒྲིགས་ནས་ཡོད་པ་ལས། གཉིས་མ་གཏོགས་རྒྱལ་པོས་བཞེངས། གཉིས་སློབ་དཔོན་ཆེན་པོ་གཉིས་ཀྱིས་རེ་རེ་བཞེངས། དེའི་ཕྱི་རོལ་བྱང་ཕྱོགས་ན་མར་ནས་བསྒྲིགས་ཡོད་པའི་དབུ་རྩེ་ཆེན་པོ་བཅུ་བཞི། དེའི་ཕྱི་རོལ་ན་ཨཱ་རཱ་མི་ཀ་ཞེས་པའི་གཙུག་ལག་ཁང་ཆུང་བ་བརྒྱད་ཅུ་ཙམ་ཡོད་པ་དང་། རྟེན་གཙོ་ཁྱད་པར་ཅན་མང་དུ་བཞུགས་པ་ལས་ཆེས་ཁྱད་དུ་འཕགས་པ་ནི། འཇམ་དཔལ་འཇིང་གཡོན་མ་དང་། ཇོ་བོ་ཁ་སར་པ་ཎའི་རྡོ་སྐུ། སྒྲོལ་མ་རྒྱན་མེད་མ་དང་མགོན་པོའི་རྡོ་སྐུ་རང་བྱོན་བཅས་ཡིན་པ་ཆག་ལོའི་རྣམ་ཐར་དུ་གསལ་ཞིང་། བཤད་སྒྲུབ་ཀྱི་བསྟི་གནས་ཆེན་པོ་དེའི་ནང་དུ། སྔོན་ཐེག་པ་ཆེ་ཆུང་མདོ་སྔགས་ཡོངས་རྫོགས་དང་། སྒྲ་རིག་པ། ཚད་མ་རིག་པ། བཟོ་རིག་པ། གསོ་བ་རིག་པ། སྐར་རྩིས་རིག་པ་སོགས་རིག་གནས་ཆེ་ཆུང་བཅུ་ཀ་འཆད་ཉན་ཁྱད་དུ་འཕགས་པ་ཡོད་པ་དང་། རྒྱ་ནག་གི་བཙུན་པ་ཐང་ཟན་ཙང་གནས་དེར་ཕེབས་སྐབས་སུ་དགེ་སློང་ཁྲི་ཕྲག་བཞུགས་པར་བཤད་པ་དང་། ལོ་རེ་རེའི་ནང་དུ་དམ་ཆོས་སྡེ་སྣོད་གསུམ་ལ་སྦྱངས་བའི་ཕ་རོལ་ཏུ་ཕྱིན་པའི་མཁས་པ་སྟོང་ཕྲག་ལྷག་རེ་ཡོད་ཅེས་ཡིག་རྙིང་དག་ཏུ་གསལ་ཞིང་།
དེང་སྐབས་རྒྱ་གར་གྱི་མཁས་པ་ཚོས་གནས་བཤད་བྱས་པ་ལས། དཔལ་ནཱ་ལེནྡཱ་ནི་ཆེས་སྔ་བའི་དུས་སུ་འཛམ་གླིང་ནང་གི་གཞི་རྒྱ་ཆེ་བའི་གཙུག་ལག་སློབ་གྲྭ་ཆེན་མོ་ཞིག་ཡིན་པ་དང་། དེར་དཔེ་མཛོད་ཆེན་པོ་ཐོག་བརྩེགས་དགུ་ཡོད་པ་དང་། སློབ་གཉེར་བྱེད་མཁན་རྒྱ་གར་བཤད་མ་དགོས་པར། ཕྱོགས་གཞན་གྱི་རྒྱལ་ཁབ་ཁོངས་ནས་བོད་དང་། རྒྱ་ནག ཀོ་རི་ཡ། ཇ་པན། ཝེད་ནམ། ཤྲཱི་ལི་ཀཱ སིངྒ་པུར་སོགས་ནས་སློབ་གཉེར་བ་མང་པོ་ཕེབས་ཀྱིན་ཡོད་པ་དང་། བསྡོམས་པའི་སློབ་གཉེར་བ་ཁྲི་གཅིག་ལྷག་དང་། སློབ་དཔོན་ཉིས་སྟོང་ལྷག་ཡོད་ཚུལ་བརྗོད་ཅིང་། ཆོས་སྡེ་ཆེན་པོ་དེ་ནས་ཐོན་པ་རྒྱ་གར་དུ་སྙན་གྲགས་ཆེ་བའི་སློབ་དཔོན་ཀླུ་སྒྲུབ་དང་། ཨཱརྱ་དེ་བ། འཕགས་པ་ཐོགས་མེད། སློབ་དཔོན་ཕྱོགས་གླང་། དཔལ་ལྡན་ཟླ་བ་གྲགས་པ། དཔལ་ཆོས་ཀྱི་གྲགས་པ། མཁན་ཆེན་ཞི་བ་འཚོ་སོགས་སྔོན་གྱི་པཎྜི་ཏ་དང་མཁས་པ་ཆེན་པོ་ཕལ་ཆེ་བ་ཆོས་སྡེ་དེ་ནས་ཕེབས་པ་ཤ་སྟག་ཡིན་པར་མ་ཟད། བོད་པ་ཡང་མང་པོ་གནས་དེར་སློབ་གཉེར་གནང་ནས་ལོ་ཙཱ་ཆེན་པོར་གྱུར་པ་མང་པོ་བྱུང་ཡོད།
དཔེར་ན། དེ་ནས་ཐོན་པའི་སློབ་དཔོན་ཙཱ་མི་སངས་རྒྱས་གྲགས་དཔལ་ནཱ་ལེནྡཱའི་མཁན་པོར་ཕེབས་ཚུལ་དང་། དེ་རྗེས་སྤྱི་ལོ ༡༢༠༤ ལོ་ཁྲོ་ཕུ་ལོ་ཙཱ་བ་དེ་ནས་སློབ་གཉེར་ཐོན་ཏེ་དཔལ་ནཱ་ལེནྡཱའི་མཁན་པོ་ཆེས་མཐའ་མས་ཆོས་རྗེ་ཤཱཀྱ་ཤྲཱི་བོད་དུ་གདན་དྲངས་པ་དང་། སྤྱི་ལོ ༡༢༣༤ ལོ་ཆག་ལོ་ཙཱ་བ་ཆོས་རྗེ་དཔལ་ནཱ་ལེནྡཱར་འབྱོར་བའི་སྐབས་དགུང་ལོ་དགུ་བཅུ་ལ་ཕེབས་པའི་སློབ་དཔོན་རཱ་ཧུ་ལ་ (Rahula Shribhadra) ཡིས་སློབ་མ་བདུན་ཅུ་ལྷག་ལ་དཔེ་ཁྲིད་གནང་ནས་བཞུགས་ཚུལ་དང་། དེ་ནི་དཔལ་ནཱ་ལེནྡཱར་འཇིགས་པ་བྱུང་སྐབས་སུ་བཞུགས་པའི་སློབ་དཔོན་ཆེས་མཐའ་མ་དེ་ཡིན། ཁོང་གིས་དེའི་མདུན་ནས་སྒྲ་དང་ལེགས་སྦྱར་མདོ་སྔགས་རིག་གནས་མང་པོ་གསན་ནས་སློབ་གཉེར་གནང་བ་མ་ཟད། ཁོང་གིས་ནཱ་ལེནྡཱ་དང་རྒྱ་གར་གྱི་གནས་ཆེན་ཁག་གི་ལོ་རྒྱུས་ཞིབ་འབྲི་གནང་བ་ད་ལྟ་མཇལ་རྒྱུ་ཡོད་ཅིང་། བོད་དང་རྒྱ་ནག་སོགས་སུ་དམ་པའི་ཆོས་རྒྱ་ཆེ་དར་བ་དེ་ཡང་ཆོས་སྡེ་ཆེན་པོ་དེ་ལ་བརྟེན་ནས་དར་རྒྱས་སུ་བྱུང་བ་དང་། ལྷག་པར་དུ་བོད་ཀྱི་ཆོས་ཀྱི་འབྱུང་ཁུངས་ནི་དཔལ་ནཱ་ལེནྡཱ་རང་ནས་བྱུང་བ་ཡིན་ནོ།།