རྒྱལ་པོའི་ཁབ་ཅེས་པ་ནི། རྒྱ་གར་ཡུལ་དབུས་མ་ག་དྷ་ཞེས་གྲོང་ཁྱེར་ཆེན་པོ་དྲུག་གམ་བཞིའི་ཡ་གྱལ་རྒྱལ་པོ་པད་མ་ཆེན་པོའི་སྲས་གཟུགས་ཅན་སྙིང་པོ་བཙས་པའི་ཡུལ་ཡིན་པ་མ་ཟད། གནས་དེར་སྟོན་པ་མཆོག་གིས་ཁྱིམ་བདག་དཔལ་སྦས་དང་། གླང་པོ་ནོར་སྐྱོང་གཉིས་བཏུལ་བ་དང་། རྒྱལ་པོ་གཟུགས་ཅན་སྙིང་པོས་སྦྱིན་བདག་མཛད་ནས་སྟོན་པ་ཡུན་རིང་བཞུགས་པ་དང་། བཀའ་བསྡུ་དང་པོ་མཛད་པའི་གནས། རྒྱལ་པོ་གཟུགས་ཅན་སྙིང་པོ་ (Bimbisara) ཞེས་སྙན་གྲགས་ཤིན་ཏུ་ཆེ་བའི་རྒྱལ་པོ་དེའི་རྒྱལ་ས་ཡིན། གཟུགས་ཅན་སྙིང་པོ་ནི་བདག་ཅག་གི་སྟོན་པ་མཆོག་ལ་དད་གུས་ཧ་ཅང་ཆེ་ཞིང་། ལོ་རྒྱུས་ཐོག་སྟོབས་འབྱོར་དང་སྙན་གྲགས་ཡོད་པའི་རྒྱལ་པོ་ཞིག་དང་། མཐར་རང་གི་སྲས་མ་སྐྱེས་དགྲས་སྐུ་བཀྲོངས་པ་རེད།
གནས་དེར་སྔོན་སངས་རྒྱས་ཀྱི་སྐུ་གདུང་ཆ་བརྒྱད་ལས་མ་སྐྱེས་དགྲའི་བགོས་སྐལ་རིང་སེྲལ་བཞུགས་ཡོད་ཚུལ་དང་། ཆོས་རྒྱལ་མྱ་ངན་མེད་ཀྱི་མཆོད་རྟེན་ཆེན་པོ་ཞིག་བཞེངས་ཚུལ་གསལ་ཞིང་། སྔོན་དུས་སུ་ཆག་ལོ་ཙཱ་བ་གནས་དེར་ཕེབས་ནས་པཎ་ཆེན་ཡ་ཤོ་མི་ཏྲའི་མདུན་དུ་ཆོས་མང་དུ་གསན་པའི་ལོ་རྒྱུས་ཡོད་པ་རེད།
ད་ལྟ་རྒྱལ་པོ་གཟུགས་ཅན་སྙིང་པོའི་ཕོ་བྲང་གི་ཆགས་ཤུལ་སོགས་ཡོད་ཅིང་། གཡས་གཡོན་ཚང་མ་རིས་བསྐོར་བའི་དབུས་ཀྱི་ཐང་ཐམས་ཅད། རྒྱལ་པོའི་ཁབ་ཀྱི་སྔོན་གྱི་གྲོང་ཁྱེར་གྱི་ཆགས་ཤུལ་ཡིན་པ་དང་། ཁང་པ་ཞིག་རལ་གྱི་ཤུལ་མང་པོ་ཡོད་པ་མ་ཟད། རྒྱལ་པོ་གཟུགས་ཅན་སྙིང་པོ་བཙོན་དུ་བཅུགས་སའི་བཙོན་ཁང་ཡིན་ཟེར་བའི་ཤུལ་དང་། དེ་དང་ཉེ་བར་འོད་མའི་ཚལ་དང་། ཆུ་ཚན་སོགས་གནས་མང་པོ་མཇལ་རྒྱུ་ཡོད། མདུན་ཐང་དུ་ཁང་རྙིང་ཆེན་པོའི་ཤུལ་ཡོད་པ་དང་། རྒྱབ་ཏུ་བྲག་ཕུག་ཁང་སྒོའི་དབྱིབས་ཅན་དང་། ནང་དུ་རྒྱ་ཆེ་ཞིང་ཁོད་ཡངས་པ། དེའི་བྲག་ངོས་སུ་ཡི་གེ་དང་། སྐུ་བརྙན་གྱི་རི་མོ་ཡོད་པ་དང་། དེའི་རྒྱབ་ཏུ་གསེར་ཡོད་ཚུལ་སོགས་ཀྱི་སྒྲུང་འདྲ་པོ་རྒྱ་གར་བ་དག་གིས་གནས་བཤད་བྱེད་ཀྱིན་འདུག
བྲག་ཕུག་དེ་ནི། སྟོན་པ་མྱ་ངན་ལས་འདས་པའི་ལོ་དེའི་དབྱར་ཁར། རྒྱལ་པོ་མ་སྐྱེས་དགྲས་སྦྱིན་བདག་བྱས་ཏེ། རྒྱལ་པོའི་ཁབ་ཀྱི་ཤིང་ནྱ་གྲོ་དྷའི་ཕུག་ཏུ། འོད་སྲུངས་ཆེན་པོ་དང་། ཀུན་དགའ་བོ་སོགས་དགྲ་བཅོམ་ལྔ་བརྒྱས་བཀའ་བསྡུ་དང་པོ་མཛད་པའི་གནས་ཡིན་ཅིང་།
ཡུལ་སྐད་དུ་ (Saptapani Cave Rajgir) ཞེས་བརྗོད་པ་དང་། དེའི་པར་རིས་དང་འོག་ཏུ་ལོ་རྒྱུས་བཀོད་པ་ལ་གཞིགས་ན། འོད་སྲུང་ཆེན་པོ་དང་། དགེ་འདུན་ལྔ་བརྒྱས་བཀའ་བསྡུ་དང་པོ་མཛད་པའི་གནས་ཡིན་པར་གསལ་པོར་བྲིས་འདུག་པ་མ་ཟད། ལོ་རྒྱུས་སུ་ཡང་། རྒྱལ་པོའི་ཁབ་ཀྱི་ཤིང་ནྱ་གྲོ་དྷའི་ཕུག་ཏུ་བཀའ་བསྡུ་དང་པོ་མཛད་པར་གསུངས་པ་དང་ཀུན་ནས་མཐུན་ནོ།།
དགེ་ཆོས་ཀྱི་གནས་ཡིག་ཏུ་ཆུ་ཚན་དང་ཉེ་བ་ན་བཀའ་བསྡུ་དང་པོ་མཛད་པའི་བྲག་ཕུག་ཡོད་པར་གསལ་བ་དེ་དང་ཕྱོགས་མཚུངས། ཡུལ་སྐད་དུ་ལག་བདུན་ཕུག་ (Saptapani Cave) ཅེས་པ་ཞིག་དང་། འོད་སྲུང་ཕུག་ (Urvila kashab Cave) ཅེས་གཉིས་ཡོད་ཅིང་། དེ་གཉིས་ནི་ཆུ་ཚན་ཡོད་སའི་རིའི་སྒང་དུ་ཐག་རིང་པོར་ཕྱིན་ན། རི་དེའི་ཕྱོགས་གཡས་གཡོན་ལ་ཡོད་པར་བརྗོད་པ་དང་། འགྲོ་མཁན་མང་ཆེ་བ་ཧིན་དུ་་རེད་འདུག དེའི་འོག་ལམ་ཆེན་གྱི་ཟུར་དུ་ད་ལྟ་སྐྱེད་མོས་ཚལ་ཆེན་པོ་ཞིག་བཟོས་འདུག་པ་དེ་དག་ཚང་མ། སྔོན་རྒྱལ་པོའི་ཁབ་ཀྱི་ཤུལ་ཡིན་འདུག
དེ་ནས་ཅུང་ཟད་ཕྱིན་ན་བྱ་རྒོད་ཕུང་པོའི་རིར་ཆོས་འཁོར་བསྐོར་ས་དེ་མཇལ་ཙམ་ན། རྩིག་རྨང་ཆེན་པོ་ཡོད་ས་དེར་རྒྱལ་པོ་གཟུགས་ཅན་སྙིང་པོ་བཙོན་དུ་བཅུག་ས་རེད་ཟེར། ཡུལ་སྐད་དུ་གཟུགས་ཅན་སྙིང་པོའི་བཙོན་ཁང་ (Bimvisara Jail) རེད་ཟེར། རྒྱལ་པོ་རང་གིས་སངས་རྒྱས་ཀྱི་བཞུགས་གནས་མཇལ་ས་ཞིག་ལ་བཞག་རོགས་གསུངས་པས། དེར་བཙོན་ཁང་བྱས་པར་གྲགས། དེ་ནས་བྱ་རྒོད་ཕུང་པོའི་རིའི་ཕྱོགས་སུ་ཅུང་ཟད་ཕྱིན་ན། རྒྱལ་པོ་གཟུགས་ཅན་སྙིང་པོ་འཁོར་བརྒྱ་ཕྲག་དུ་མ་དང་བཅས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་སོང་བ་ན། ཤིང་རྟའི་འཁོར་ལོ་སའི་ནང་དུ་བྱིང་བའིཤུལ་རེད་ཟེར་བ་ཞིག་ཡོད། རྒྱལ་པོའི་ཁབ་ལ་ཡུལ་སྐད་དུ་རཱ་ཇི་གི་རི་ (Rajgir) ཟེར་བ་རེད།