༄༅།། བོད་ཟླ་ ༡ ཚེས་ ༢༣ ཉིན་གྲ་ཕྱི་རྩིས་བཤེར་ཞེས་གྲ་བཞིའམ་གྲ་ཕྱི་ཐང་ལ་གཞུང་གི་གུར་པ་ནས་བཀའ་ཤག་སོགས་ཀྱི་དབུ་གུར་དང་། གདན་གཉེར་ནས་བཞུགས་གདན། བཀའ་ཤག་གསོལ་ཐབ་ནས་གསོལ་ཇ་བཞེས་འབྲས། བླ་བྲང་ཕྱག་མཛོད་ནས་གསོལ་སྟོན་ཤ་འབྲས།གསོལ་བསྐངས་གཡོག་དར་བཅས་གྲ་བསྒྲིགས་སྔོན་ལྟར།ཡ་སོར་སྤྱི་ཁྱབ་ངོ་ལས་དང་། སྲུང་མ་དམར་ནག་གི་རྟེན་མདུང་གདན་ཞུ་དང་འབྲེལ་ཀླུ་སྦུག་སྒར་ས་ནས། རྟ་དམག་རུ་ཉིས་གཤིབས་ཀྱིས་པོ་ཏ་ལ་ཞོལ་གྱི་མདུན་བསྐལ་བཟང་ཟམ་པ་བརྒྱུད།རྡོ་རིང་ཕྱི་མར་གཡས་བསྐོར་གྱིས་ལྕང་གསེབ་ཤར་དང་། རྒོད་གསེབ་ཤར་བརྒྱུད།རྭ་སྒྲེང་གླིང་ཀའི་ཟུར་ནས་གྲ་ཕྱི་ཐང་དུ་རུ་བསྒྲིགས་ཀྱིས་བསྐྱོད་དེ་བཀའ་ཤག་དང་། ཆིབས་ཞབས་ཤོད་བསྐོར་དྲུང་འཁོར་ཚང་མ་བཅས་ཆིབས་བསྒྱུར་གྱིས་བཞུགས་འཁོད་མཚམས་གསོལ་ཇ་བཞེས་འབྲས་ཕེབས།
དེ་ནས་ཡ་སོར་སྤྱི་ཁྱབ་གཉིས་ནས་གུ་ཤཱིའིི་ཆས་གོས་རྒྱ་སེའི་མཁལ་ག་གཟུགས། དབུ་ཞྭ་སྦུ་ཁྲུ་བཞེས་པའི་ཡ་སོར་བགྲེས་པས་གཡས་རུའི་རྟ་གཞུང་མཇལ་དར་སྦྲགས་བཀའ་ཤག་གསོལ་ལྕོག་སྟེང་ཕུལ་རྗེས་སྲུང་མ་དམར་ནག་གི་རྟེན་མདུང་གདན་ཞུ་ཞུས་ཏེ་དམག་རྣམས་བཀའ་ཤག་གཟིགས་ལམ་དུ་རུ་བསྒྲིགས་ཏེ་བསྐྱོད་སྐབས།རྩིས་ཁང་ལས་ཁུངས་ནས་རྟ་དམག་གི་དམག་གཞུང་ནང་གསལ་རྩིས་བཤེར་སྙན་སྒྲོན་ཞུས་ཏེ།རྟ་པ་གཏོང་ཁུངས་སོ་སོའི་རྟ་པའི་གྲངས་འབོར་ཐོན་མཚམས་ཤོད་དྲུང་གཅིག་དང་། རྩིས་ཕྲུག་པ་ནས་ཞིབ་བཤེར་གྱིས་ཟིན་འཕྲལ་བཀའ་ཤག་སྐུ་མདུན་དུ་ཤོད་དྲུང་ནས་བཅར་ཏེ་ཕྱག་འབུལ་ཞུས་ཏེ་ངག་ལམ་ནས་གཡས་རུ་དང་པོ་སྡེ་དཔོན་དགའ་བཞི་པའི་གཟབ་འདོན་དང་བཅས་རྟ་པ་༢༥འགྲིགས་ལགས་ཞེས་ཞུས། དེ་མཇུག་མུ་མཐུད་རྩིས་ཕྲུག་པ་གཅིག་ནས།རྟ་ཤེད་བཟང་། མི་གོ་ཐང་།རྟ་སྒ་སྒ་འཁོར་ཆ་ལག་ཆ་ཚང་དང་བཅས་འགྲིགས་ལགས།ཡང་རྩིས་ཕྲུག་པ་གཅིག་ནས་གུ་གུའི་ཨ་སྒྲོག་ཁ་ཤའི་ཤ་དོར། དཔའ་དམ།འུ་ཐུའུ་སུ། མགོ་ཤུབས་ཁ་གསར། རྟ་མདུང་སོ་རྔ་དང་བཅས་འགྲིགས་ལགས་ཞེས་དང་། ཡང་རྩིས་ཕྲུག་པ་གཅིག་ནས་སོག་མེ་གཞུ་མདོང་། འཇའ་ལྷམ།མེ་ལོང་བཞིའི་མཐའ་སྤྲས་བྱང་ཁེབས་དང་བཅས་འགྲིགས་ལགས་ཞེས་ཞུས། དེ་བཞིན་རྟ་ཐོ་ཐོན་རིམ་བཞིན་ཞིབ་བཤེར་སྙན་སྒྲོན་གོང་ལྟར་ཞུས། གཡས་རུ་རྩིས་བཤེར་གྲུབ་རྗེས་ཉིན་དགུང་གསོལ་ཚིགས་གཞུང་གནས་ནས་རྒྱུ་གཏོང་གིས་བཀའ་ཤག་གསོལ་ཐབ་ནས་སྐུ་འཁོར་ཚང་མར་གསོལ་ཇ་དང་། གསོལ་ཚིགས་ཤ་འབྲས་འབུལ་སྲོལ་བཞིན་བཀའ་ཤག་དབུ་གུར་ཟུར་ཡོད་ལ་ཆིབས་བསྒྱུར་བསྐྱངས།
ཡ་སོར་ཁྲི་པ་སོགས་ཁུངས་སོ་སོའི་དབུ་གུར་ཡོད་རིགས་དབུ་གུར་ལ་གསོལ་ཚིགས་སུ་ཕེབས། ཤོད་སྐོར་གཞུང་ཞབས་བྱིངས་ལ་མཛད་སྒོའི་དབུ་གུར་རང་དུ་གསོལ་ཚིགས་བཏང་། གསོལ་ཚིགས་གྲུབ་མཚམས་སླར་ཡང་ཚང་མ་དབུ་གུར་དུ་ཕེབས་མཚམས་གཡོན་རུའི་རྟ་དམག་གཞུང་ཁྲ་ཡ་སོར་གཞོན་པས་གསོལ་ལྕོག་སྟེང་ཕུལ་རྗེས་རྩིས་ཁང་ལས་ཁུངས་ནས་གཞུང་ཁྲ་ནང་གསལ་སྙན་སྒྲོན་དང་། ཤོད་དྲུང་རྩིས་ཕྲུག་པ་ནས་ཞིབ་བཤེར་སྙན་སྒྲོན་གོང་གསལ་ལྟར་ཞུས།གཡས་རུ་དང་གཡོན་རུ་གཉིས་ཀྱི་རྟ་གཞུང་ནང་གསལ་མཇུག་བསྒྲིལ་ཟིན་མཚམས་རྩིས་ཁང་ལས་ཁུངས་ནས་ཡ་སོར་སྤྱི་ཁྱབ་གཉིས་ཀྱིས་མཚོན་རྟ་དམག་རྣམས་ལ་ལེགས་དར་རེ་གཡོགས་ཏེ་བཀའ་ཤག་སྐུ་མདུན་དུ་ཐུགས་རྗེ་ཆེ་ཞུའི་ཕྱག་འབུལ་ཞུས། དེ་ནས་ཡ་སོར་སྤྱི་ཁྱབ་ངོ་ལས་ནས་གཡས་རུ་དང་།གཡོན་རུའི་སྣེ་འཁྲིད་རྟེན་མདུང་དང་།རྟ་དམག་རྣམས་རུ་བསྒྲིགས་ཀྱིས་ར་མོ་ཆེའི་མདུན། རྗེ་འབུམ་སྒང་། ཀླུ་སྒུག་སྒར་སྒྲིག་སར་ཕྱིར་བསྐྱོད་བྱེད།།