༄༅།།བོད་ཟླ་ ༡ ཚེས་༡༩ ༢༠ ༢༡ གང་རུང་ཞིག་ཉིན་ལྷ་ལྡན་གཙུག་ལག་ཁང་གི་ཡང་སྟེང་དཔལ་ལྷ་ལྕོག་ཏུ་དཔལ་ལྡན་འདོད་ཁམས་དབང་མོ་ཞི་དྲག་ལ་གཞུང་གནས་ནས་གཟབ་གསོལ་རྒྱས་པ་ཞིག་འབུལ་གནང་མཛད་ཉིན་༸གོང་ས་མཆོག་དང་། སྐུའི་ཡོངས་འཛིན་རིན་པོ་ཆེ་རྣམ་གཉིས་ཚོགས་མགོན་དུ་ཆིབས་བསྒྱུར་སྐབས་སྲིད་བཀས་མཚོན་གཞུང་ཞབས་སྐྱ་སེར་ཡོངས་རྫོགས་ཆིབས་ཞབས་སུ་བཅར་ཏེ་སྐུ་བཅར་ཕན་བདེ་ལེགས་བཤད་གླིང་ཚོགས་ཡོངས་ནས་ཞལ་འདོན་དང། གཏོང་ཡུལ་ལས་ཁུངས་སོ་སོས་བསྐང་ཚོགས་ཀྱི་དགོས་ཆ་རྣམས་བཏང་སྟེ་རྟ་དབྱངས་རོལ་ཆ་དང་འབྲེལ་བའི་ཚོགས་འཁོར་བསྐང་བཤགས་མངའ་གསོལ་དང་བཅས་ལ་སྔ་དྲོ་ཚོགས་ཐུན་རིང་བ་གཅིག་ཐོག་གྲུབ་པ་མཛད་ཅིང་། དེའི་སྐབས་ལྷ་ས་བ་ཕོ་མོ་ཤིན་ཏུ་མང་པོ་རྒྱན་གོས་གཟབ་མཆོར་ལྡན་པ་ནས་དཔལ་ལྷ་ལྕོག་སྟེང་བསངས་གསོལ་དུད་སྤྲིན་གྱིས་ལྷ་ལམ་འགེངས་པ་ལྟ་བུ་ཡོང་།།

keyboard_arrow_up